༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༠༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་མི་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་།ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་། དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༠༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ་བཅས་ཚང་འཛོམས་ཀྱིས་ཆུ་ཚོད་ ༡ བར་སྨོན་ལམ་གསུང་འདོན་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༩༨༨ ལོའི་ཕྱི་ཟླ་ ༩་་༡༠ དང་། ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༣ ནང་བོད་ནང་རྒྱ་ནག་གིས་སྲིད་བྱུས་བཟུང་པའི་ཐོག་བོད་མི་རྣམས་ཀྱིས་འདོད་བློ་མེད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་པར་བརྟེན་ད་ལྟའི་རང་རེའི་སྤྱི་ཚོགས་ནང་དགུ་བཅུ་གསུམ་ཞེས་པའི་སྒྲིག་འཛུགས་དེ་དག་བཙུགས་པའི་དོན་རྐྱེན་དེ་ནས་བྱུང་བ་རེད། ལྷག་པར་ཕྱི་ལོ་ ༡༩༨༩ ཟླ་བ་ ༣ ཚེས་ ༨ ཉིན་བོད་མི་རྣམས་ནས་ཞི་རྒོལ་བྱས་པ་དང་། རྒྱ་ནག་གཞུང་གི་ངོས་ནས་དམ་བསྒྲགས་ནན་པོ་བྱས་ཏེ་མི་མང་དག་ཅིག་དམར་གསོད་དང་། བཙོན་འཇུག་སོགས་ཀྱི་བྱ་བ་མང་པོ་ཞིག་བརྩམས་ཡོད་པ་རེད།
སྤྱིར་གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་འདི་ཕྱི་ལོ་ ༡༩༨༩ ཟླ་བ་ ༣ ཚེས་ ༨ དང་བསྟུན་ཏེ་བྱེད་ཀྱི་ཡོད་ནའང་བོད་ས་ཤོར་བ་ནས་བཟུང་བོད་མི་རྣམས་ཀྱིས་སྡུག་རྩུབ་མྱངས་པ་སྤྱི་དང་། ལྷག་པར་ཕྱི་ལོ་ ༡༩༨༩ རྗེས་ས་བྱི་ཞི་རྒོལ་ཆེན་མོ་ཕྱི་ལོ་ ༢༠༠༨ ལོར་བྱུང་བ་རེད། ད་ལྟ་ཡིན་ནའང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་དང་འབྲེལ་ནས་བོད་མི་རྣམས་ལ་གནོད་འཚེ་མང་དག་ཅིག་ཕོག་ཡོད་སྟབས། ཚེ་འདས་ཡོངས་ལ་བསྔོ་བ་སྨོན་ལམ་དང་ད་ལྟ་ཡིན་ནའང་བོད་ནང་སྡུག་སྦྱོང་མྱོང་བཞིན་པ་ཡོངས་ལ་ང་ཚོའི་ངོས་ནས་གདུང་སེམས་མཉམ་སྐྱེ་བྱེད་དགོས་པ་དང་། ང་ཚོའི་རེ་བར་རྒྱ་ནག་གི་ངོས་ནས་ཡ་ལན་ཚད་ལྡན་བྱུང་བ་ཡིན་ན་ང་ཚོའི་ངོས་ནས་ཀྱང་རྒྱ་ནག་ལ་འབྲེལ་བ་བྱེད་རྒྱུ་དང་བོད་རྒྱ་དཀའ་རྙོག་སེལ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་བཀའ་ཕེབས་པ་ནང་བཞིན་རེད། དེ་སྔོན་ཚེས་བཅུ་གཟབ་གསོལ་སྐབས་སུའང་བཀའ་གནང་ཡོད་པ་རེད། དེ་རྗེས་མཇལ་ཁའི་སྐབས་སུའང་བཀའ་གནང་གི་འདུག ནམ་རྒྱུན་ཡིན་ན་ལོ་གསར་ཚེས་གསུམ་ཉིན་ཟན་རིལ་བསྒྲིལ་གནང་གི་ཡོད་པ་རེད། ན་ནིང་ནས་ཟན་རིལ་བསྒྲིལ་རྒྱུ་མཚམས་བཞག་སྟེ་ཕྱག་མོ་སྐྱོན་གྱི་ཡོད་ཅེས་བཀའ་གནང་གི་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་མོ་སྐྱོན་པའི་སྐབས་སུ་རྟགས་དང་མཚན་མ་ཧ་ཅང་ཡག་པོ་འདུག རྒྱ་ནག་དང་བོད་དུ་སླེབ་ཐུབ་པའི་རེ་བ་འདུག་ཅེས་ཐུགས་རེ་ཆེན་པོ་སྐྱོན་གནང་གི་འདུག
དེ་བཞིན་རྒྱ་ནག་ནང་དུ་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་ནང་དུའང་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་ཡོད། ང་ཚོ་འདིར་ལས་ཀ་བྱེད་མཁན་ཡོངས་ནས་འགན་ཁྱེར་ཏེ་ཧུར་ཐག་འབད་བརྩོན་བྱེད་པ་ཡིན་ན། དོན་འབྲས་སོན་པའི་རེ་བ་བརྒྱབ་ཆོག་གི་རེད། རེ་བ་མུ་མཐུད་ནས་ལྷག་དགོས། རེ་བ་ཡལ་བ་ཡིན་ན་འཐབ་རྩོད་རང་བཞིན་གྱིས་བརླག་འགྲོ་རྒྱུ་ཡིན་སྟབས། རྣམ་པ་ཚོ་ཚང་མས་དེ་རིང་གི་དུས་ཚོད་འདི་དང་སྟབས་བསྟུན་ནས་དམིགས་ས་དེ་རྒྱ་ཆེ་ས་ནས་དམིགས་ཏེ་ཐུགས་སྨོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས།།