༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༦ ཉིན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རབས་བརྒྱ་དང་ཉེར་བརྒྱད་པ་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོར་ཇི་ལྟར་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་མཛད་སྒོར་མཉམ་ཞུགས་གནང་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཞུགས་སྒར་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་གཙུག་ལག་ཁང་དུ་མཛད་སྒོའི་ཐོག་མར་མཁན་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། སྐུ་མགྲོན་རྣམ་པས་རིམ་བཞིན་མཁན་རིན་པོ་ཆེ་མཆོག་ལ་རྟེན་འབྲེལ་མཇལ་དར་ཕུལ་ཡོད།
དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནི་འབུམ་ལ་བསྟན་སྒང་གི་གནས་བབ་ནི་སྤྱིར་ས་མཚམས་སུ་འཁེལ་སྟབས་དམིགས་བསལ་དམ་དྲག་ཆེ་བ་དང་། གཞན་ཡང་འགྲུལ་བཞུད་དང་འཕྲོད་བསྟེན། གྲྭ་རྒྱུན་ཕེབས་བསྐྱོད་སོགས་ཀྱི་དཀའ་ངལ་ཆེ་བ་བཅས་ལ་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དང་ལམ་སྟོན་འོག་བཞུགས་སྒར་དུ་གནས་སྤོ་བྱ་འཆར་ཡོད་སྐབས། རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ཀྱི་ཚུལ་དུ་ཕྱི་ལོ་ ༡༩༨༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་འབུལ་བཞེས་དང་འབྲེལ། ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བདག་གིར་བཞེས་པའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། འཇར་པན་དབྱངས་ཅན་མའི་ཆོས་ཚོགས་ཀྱི་མཐུན་འགྱུར་འོག་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀངྒ་རཱ་རྫོང་ཁོངས་སི་དྷི་བྷ་རི་ཞེས་པའི་ས་གནས་སུ་གཙུག་ལག་ཁང་དང་དྲན་རྟེན་རྡོ་རིང་གསར་བཞེངས་གྲུབ་ནས་ཕྱི་ལོ་ ༡༩༩༦ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་གཙུག་ལག་ཁང་དང་དྲན་རྟེན་རྡོ་རིང་དབུ་འབྱེད་གནང་།ཕྱི་ལོ་ ༢༠༠༣ ལོར་དགེ་འདུན་པའི་བཞུགས་གནས་གྲྭ་ཤག་ཡོངས་སུ་གྲུབ་པས་རིམ་བཞིན་དྷ་སར་གནས་སྤོ་གནང་ནས་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་འོག་ཤར་བསྐྱོད་ཐོག མཐོང་བརྒྱུད་ཀྱི་ཕྱག་བཞེས་ཟབ་མོ་རྣམས་རྒྱུད་དང་རྒྱལ་བའི་བཞེད་དགོངས་ཀྱི་རྒྱ་ལས་མ་འདས་པར་སྒྲུབ་བཞིན་པ་དང་། ཡི་དམ་གསང་བདེ་འཇིགས་གསུམ་གྱི་འཆད་ཉན་གྱི་སྐོར་རྣམས་ཁྲལ་ཆོས་སླ་ཆོས་སུ་མ་སོང་བར་བསྟན་པའི་མཛེས་རྒྱན་དུ་འགྲོ་ངེས་པ། མདོ་སྔགས་ཀྱི་སློབ་གཉེར་བྱེད་སྒོ་རྣམས་ཆ་ལག་ཚང་བའི་སྒོ་ནས་འཐུས་ཤོར་མེད་པ། མཁན་བླ་དགེ་འདུན་འདུས་མང་དང་བཅས་པ་ཐུགས་མཐུན་དམ་ཚིག་གཙང་བའི་སྒོ་ནས་རྒྱལ་བ་དགྱེས་པའི་མཆོད་པའི་སྤྲིན་ཕུང་སྤྲོ་བཞིན་པར་མཆིས། ད་ལྟའི་ཆར་རྒྱུད་པའི་བསྐྱེད་རིམ་པ་དང་། ལོ་སྟར་གདན་ས་ཆེན་པོ་གསུམ་དང་ར་སྟོད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་སོགས་ནས་ཆོས་ཐོག་འགྲིམ་དུ་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་དང་། བོད་མདོ་དབུས་ཁམས་གསུམ་དང་། སོག་པོ། ལ་དྭགས། འབྲུག འབྲས་ལྗོངས། མོན། སྤྱི་ཏི་བཅས་ནས་ཕེབས་པའི་གྲྭ་རྒྱུན་བཞུགས་ཡོད། །
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རབས་བརྒྱ་དང་ཉེར་བརྒྱད་པ་འབྲས་སྤུངས་བློ་གསལ་གླིང་ཚུལ་ཁང་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཁྲི་འདོན་མཛད་སྒོར་མཉམ་ཞུགས་གནང་བ།
གསར་གནས།
འབྲེལ་གནས།