༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་འཕགས་ཤིང་དང་། འཇོ་ཁེལ་ས་གནས་གཉིས་ཀྱི་ས་འཐུས་སྐབས་ ༡༠ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་ནས་བལ་ཡུལ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༦ རེས་གཟའ་པ་སངས་ཉིན་བལ་ཡུལ་དོན་གཅོད་ཁང་གི་ཚོགས་ཁང་དུ་སྔ་དྲོའི་ཚོུད་ ༩༌༣༠ ཐོག་རྒྱལ་ས་འཕགས་ཤིང་གི་ས་འཐུས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ནས་ཚོགས་མི་ ༡༠ དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་བློ་བཟང་རབ་རྒྱལ་ལགས་དང་ཚོགས་གཞོན་དུ་པདྨ་ཚེ་དབང་བཅས་དམ་འབུལ་ཞུས་ཡོད་པ་དང་། གོང་ཚེས་ཉིན་རྒྱབ་ཚོུད་ ༢ ཐོག་འཇོ་ཁེལ་བསམ་གྲུབ་གླིང་གི་ས་འཐུས་སྐབས་ ༡༠ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ ནས་ཚོགས་མི་ ༡༢ དམ་འབུལ་ཞུས་ཏེ། ཚོགས་གཙོར་ཚེ་རིང་རྣམ་རྒྱལ་ལགས་དང་། ཚོགས་གཞོན་དུ་བསོད་ནམས་བཀྲ་ཤིས་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གནས་ཚུལ་དུ། །