༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༠༦ ཉིན་ཨུ་རུ་སུའི་གྲོང་ཁྱེར་མོ་སི་ཁོ་ (Moscow) ཡི་གློག་བརྙན་ཁང་ཞིག་ཏུ་དད་ལྡན་མང་ཚོགས་ལྷན་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་མཛད་སྒོའི་ཐོག་མར་ས་གནས་དགེ་འདུན་པ་ཁག་གཅིག་ནས་ཤིས་བརྗོད་གསུང་འདོན་གནང་རྗེས་ཚོགས་བཅར་བ་རྣམས་ལ་རུ་སོག་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་མཆོག་གི་གསུང་འཕྲིན་བརྙན་ཐུང་བརྒྱུད་བསྟན་ཞིང་། རིན་པོ་ཆེ་མཆོག་གིས་གློག་བརྙན་ཁང་དུ་བྱམས་བརྩེ་དང་ཞི་བདེ་ལ་དགའ་བའི་བློ་མཐུན་རྣམས་ལྷན་འཛོམས་བྱ་རྒྱུ་དེ་ལམ་སྲོལ་བཟང་པོ་ཞིག་ཡིན་པ་དང་། དེ་ལ་ཁོང་ཉིད་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། མུ་མཐུད་ཁོང་གིས་རིང་པོར་མ་ཐོགས་པར་ཨུ་རུ་སུ་ནང་པ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་ཡོང་བའི་ཆེད་གསོལ་སྨོན་འདེབས་རོགས་ཞེས་མི་མང་ལ་རེ་སྐུལ་གནང་།
དེ་བཞིན་༸གོང་ས་མཆོག་གི་གསུང་ཆོས་དུ་མར་བཅར་མྱོང་ཡོད་པའི་ཨུ་རུ་སུའི་སྙན་གྲགས་ཆེ་བའི་གཞས་པ་བྷོ་རིས་ (Boris Grebenshchikov) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གླུའི་མཆོད་དབྱངས་ཤིག་ཕུལ་བ་ཡོད་པ་དང་། ཁོང་གིས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་ཞུས་པའི་བརྙན་ཐུང་ཞིག་ཀྱང་བསྟན་འདུག སྐབས་དེར་ཚོགས་བཅར་བ་རྣམས་ལ་བོད་སྐྱོབས་ཚོགས་པ་དང་རུ་སོག་སྐུ་ཚབ་དོན་ཁང་གི་གོ་སྒྲིག་ཞུས་པའི་དངོས་བྱུང་གློག་བརྙན་ (བོད་ནམ་ཡང་མ་བརྗེད།) ཅེས་པ་གཟིགས་འབུལ་ཞུས་འདུག་པ་དང་། གཞན་ཡང་མཛད་སྒོའི་ཐོག་རོ་མན་སུ་ཀོས་ཏབ་ཀི་(Roman Sukhostavsky) ལགས་ཀྱིས་བཟོས་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གློག་བརྙན་ (ཞི་བདེ།) ཞེས་པའི་སྔོན་འགྲོའི་གསལ་བསྒྲགས་གཟིགས་འབུལ་ཞུས་འདུག གློག་བརྙན་དེ་ཉིད་ཉིན་དེ་ནས་བཟུང་ (savetibet.ru.) དྲ་ཚིགས་ནས་གཟིགས་ཐུབ།
ཕྱོགས་མཚུངས་ཨུ་རུ་སུའི་ས་གནས་ཀ་ལམ་ཀི་ཡ་ (Kalmykia) དང་། བྷུ་རེ་ཡ། (Buryatia) ཏུ་བ་ (Tuva) བཅས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་ཅིང་། སྐབས་དེར་ས་གནས་ནང་པ་ཚོས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་བརྟན་པའི་གསོལ་སྨོན་གསུང་འདོན་དང་། སྒྱུ་རྩལ་བ་རྣམས་ནས་གཞས་སྣ་འཁྲབ་སྟོན་གནང་བ་མ་ཟད་སྤྲི་འཁོར་ཡང་བཏུབ་གནང་འདུག དེ་བཞིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་བྷུ་རི་ཡའི་ས་གནས་ཡིག་ཚགས་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་ཕྱི་ལོ་ ༡༩༧༩ ། ༡༩༨༢། ༡༩༨༦། ༡༩༩༡ བཅས་སུ་ཆིབས་སྒྱུར་སྐབས་ཀྱི་སྐུ་པར་འགྲེམས་སྟོན་གོ་སྒྲིག་གནང་འདུགཨུ་རུ་སུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་བདུན་ཕྲག་རྗེས་མ་བར་གོ་སྒྲིག་ཞུ་འཆར་འདུག་ཅིང་། ཕྱི་ཚེས་ ༡༢ ཉིན་སེན་པི་ཊར་བྷག་ཏུ་ (བོད་ནམ་ཡང་མ་བརྗེད།) ཅེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས།།