༄༅། །དམག་འཁྲུག་དང་བཙན་གནོན་སོགས་ལ་བརྟེན་ནས་གཞན་ཡུལ་དུ་གྱར་བའི་སྐྱབས་བཅོལ་བའི་བློ་སྟོབས་དང་མངོན་འདོད་ལ་ཆེ་བསྟོད་ཞུ་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༠༦ ཚེས་ ༢༠ ཉིན་འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་དུས་དྲན་སྲུང་བརྩི་ཞུས་ཡོད། སྐབས་དེར་བཙན་བྱོལ་དུ་བསྐྱོད་པའི་རིམ་པ་ཞེས་པའི་བརྗོད་གཞིའི་འོག་སློབ་གྲྭའི་སློབ་ཕྲུག་རྣམས་ལ་པར་རིས་འགྲེམས་སྟོན་དང་། དེ་བཞིན་བོད་ལ་ཞེན་པ་ (Longing for Tibet) ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བསྟན་གནང་ཡོད་པ་རེད།
བོད་ཀྱི་འགྲེམས་སྟོན་ཁང་གི་ངེས་སྟོན་པ་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་འཛིན་གྲྭ་བཞི་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ལྷན་དུ་གླེང་མོལ་གྱིས་བོད་ཀྱི་གནས་སྟངས་ལ་གཞིགས་ནས་འཛམ་གླིང་སྐྱབས་བཅོལ་བའི་ཉིན་མོའི་གལ་གནད་འགྲེལ་བརྗོད་གནང་བ་དང་། གཞན་ཡང་སློབ་ཕྲུག་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་རྩད་གཅོད་གནང་སྟངས་དང་འབྲེལ་བའི་འགུལ་བརྙན་ནོར་བུ་འཚོལ་བ་ (In search of Jewel) ཞེས་པའང་བསྟན་གནང་ཡོད།
སྐབས་དེར་འཛིན་རིམ་བཞི་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་གྲངས་ ༢༠༠ ཙམ་མཉམ་ཞུགས་ཀྱིས་དོ་སྣང་ཆེན་པོས་བརྗོད་གཞི་ཁག་ལ་ཉན་འཇོག་བྱས་ཡོད་པ་བཅས།།