༢༠༡༡ ཟླ་ ༤ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་ས་ཁུལ་དུ་རྒྱ་གར་དབུས་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ (Unique Identity Authority of India) ཀྱི་ལྕམ་སྐུ་ཤི་ཝ་གྷཱ་མི་ (Ms .Shivagami) ལགས་ཕེབས་ཏེ་ངོ་སྤྲོད་གནང་དོན།
རྒྱ་གར་ནང་གནས་སྡོད་ཡུལ་མི་ཚང་མར་རྒྱ་གར་དབུས་གཞུང་གིས་ཐུན་མིན་ངོ་སྤྲོད་ལག་འཁྱེར་གནང་རྒྱུའི་ལས་གཞི་ཞིག་འགོ་བརྩམས་ཡོད་པ་དེར་ཨཱ་དར་ (Aadhar) ཞེས་བརྗོད་ཀྱི་ཡོད། ཨཱ་དར་ཞེས་པ་ནི་ཨང་གྲངས་ ༡༢ ཅན་གྱི་ངོ་སྤྲོད་ཨང་རྟགས་ཤིག་རྒྱ་གར་ནང་གནས་སྡོད་བྱེད་མཁན་རྒྱ་གར་ཡུལ་མི་ཙམ་མ་ཟད། ཟླ་དྲུག་སོན་པའི་བྱིས་པ་ཚུན་ལ་གནང་རྒྱུའི་ལས་འཆར་དེར་བརྗོད།
ཨཱ་དར་ཞེས་པ་དེ་སུ་ལ་ཐོབ་ཀྱི་རེད་ཅེས་བརྗོད་ན། རྒྱ་གར་ནང་གནས་སྡོད་བྱེད་མཁན་ཡིན་པ་གང་ཞིག་ལ་རྒྱ་གར་དབུས་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་ཆ་རྐྱེན་ཚང་བའི་གང་ཟག་དེར་ཐོབ་རྒྱུ་རེད།
ཨཱ་དར་རམ་ཐུན་མིན་ངོ་སྤྲོད་ལག་འཁྱེར་བཟོ་ཆེད་ཡུལ་མི་སོ་སོས་གང་བྱེད་དགོས་སམ་ཞེ་ན། རྒྱ་གར་དབུས་གཞུང་ཐུན་མིན་ངོ་སྤྲོད་ལག་འཁྱེར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་ ༡༽རང་གི་མིང་དང་། ༢༽སྡོད་གནས་ཁ་བྱང་། ༣༽ཞལ་པར་ཨང་གྲངས། ༤༽ཕ་མིང་། ༥༽ཆང་ས་རྒྱབ་ཡོད་མེད། ༦༽རང་གི་འདྲ་པར། ༧༽མཛུབ་མོ་བཅུ་པོའི་མཛུབ་ཐེལ་རྒྱག་དགོས་པ། ༨༽མིག་གཉིས་པོ་གློག་པར་རྒྱག་རྒྱུ། བཅས་གནས་ཚུལ་བརྒྱད་ཀྱི་ཐོག་ཇི་འདྲ་ཡིན་མིན་གསལ་བཤད་གནང་དགོས། གོང་འཁོད་གནས་ཚུལ་བརྒྱད་པོ་རྣམས་ལས་ ༦༽ ༧༽ ༨༽བཅས་ཡུལ་མི་སོ་སོས་བྱེད་མི་དགོས་པར་ཐུན་མིན་ངོ་སྤྲོད་ལག་ཁྱེར་བཟོ་མཁན་འབྲེལ་ཡོད་ལས་བྱེད་རྣམས་ནས་མཐུན་རྒྱུར་ཞུ་རྒྱུ་ཡིན་འདུག
རྡ་སའི་ཁུལ་དུ་བོད་མིའི་གནས་ཡུལ་ས་གནས་ཁག་ ༡༤ ནང་ཐུན་མིན་ངོ་སྤྲོད་ལག་འཁྱེར་བཟོ་ཆེད་ས་གནས་སོ་སོའི་ནང་འབྲེལ་ཡོད་ལས་བྱེད་རྣམས་ཀྱིས་འཕྲལ་སེལ་ཐོ་འགོད་ལས་ཁུངས་བཙུགས་ཏེ་མིང་ཐོ་བསྡུ་རུབ་གནང་རྒྱུ་ཡིན་འདུག མིང་ཐོ་འགོད་ཆེད་རང་ཉིད་གནས་ཡུལ་གྱི་ཉེ་འགྲམ་དུ་ཡོད་པའི་འཕྲལ་སེལ་ཐོ་འགོད་ལས་ཁུངས་སུ་བཅར་ཏེ་མིང་ཐོའི་འགེངས་ཤོག་འགེངས་དགོས། མིང་ཐོ་བཀང་རྗེས་ཉིན་གྲངས་ ༢༠ ནས་ ༣༠ བར་ཡུལ་མི་སོ་སོར་སྦྲག་ཐོག་བརྒྱུད་ཐུན་མིན་ངོ་སྤྲོད་ལག་འཁྱེར་དེ་འབྱོར་རྒྱུ་ཡིན་འདུག
ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན་འདི་ག་གངས་སྐྱིད་ཁུལ་དུ་ཐུན་མིནངོ་སྤྲོད་ལག་འཁྱེར་བཟོ་ཆེད་མིང་ཐོ་འགེངས་རྒྱུ་འགོ་འཛུགས་གནང་འདུག ཐུན་མིན་ངོ་སྤྲོད་ལག་འཁྱེར་གྱི་དགེ་མཚན་ཇི་ཡིན་བརྗོད་ན། ལག་འཁྱེར་དེ་རྒྱ་གར་རྒྱལ་ཡོངས་སུ་ཚད་ལྡན་ཞིག་ཡིན་པར་ངོས་ལེན་གནང་རྒྱུ་ཡིན་འདུག་པས་འབྲེལ་ཡོད་ཚང་མས་གལ་ཆེ་དོན་ཆེར་བརྩི་དགོས་པའི་གསལ་བསྒྲགས་སུ།།