༢༠༡༩ ཟླ་ ༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨ་རི་ནིའུ་ཡོག་གྲོང་ཁྱེར་དུ་བཅའ་བཞུགས་མི་ཉག་ཕ་བསྟན་འཛིན་དབང་རྒྱལ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཅོང་ཉམ་ཐག་རིགས་ལ་རོགས་རམ་གང་ཐུབ་བྱེད་དགོས་པའི་བཀའ་སློབ་སྩལ་བ་དེ་དག་སྙིང་བཅངས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཉེ་ལམ་ཁུལ་དེར་ཕེབས་སྐབས་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ཁྱབ་ཁོངས་བོད་རིགས་ཉམ་ཐག་རྒས་གཅོང་རིགས་ལ་སྨན་བཅོས་མཐུན་འགྱུར་ཆེད་ཨ་སྒོར་ ༩༠༠༠༠།༠༠ ༼ དགུ་ཁྲི་ཐམ་པ་ ༽ཞལ་འདེབས་འབུལ་རྒྱུ་གནང་བ་ལྟར།
ད་ཆ་དངུལ་འབོར་ཆ་ཚང་གནང་འབྱོར་བྱུང་བར་བརྟེན་བོད་མིའི་སྒྲིག་འཛུགས་དང་ཨ་རི་སྐུ་ཚབ་དོན་ཁང་གིས་རང་རིགས་ལ་ལྷག་བསམ་དཀར་བའི་མི་ཉག་ཕ་བསྟན་འཛིན་དབང་རྒྱལ་ལགས་ཀྱི་གཏོང་ཕོད་ཅན་གྱི་བྱ་བར་ཡི་རང་བསྔགས་བརྗོད་ཞུ། ཕ་བསྟན་འཛིན་དབང་རྒྱལ་ལགས་ནི་བོད་མདོ་སྟོད་ས་ཁུལ་མི་ཉག་ཏུ་འཁྲུངས་ཤིང་། བཙན་བྱོལ་དུ་ཕེབས་རྗེས་རྡོར་གླིང་དང་རིམ་བཞིན་ཨ་རིར་འབྱོར་བའི་བགྲེས་སོང་ད་ཆ་དགུང་ལོ་ ༨ ༢ ཕེབས་པ་ཞིག་ཡིན་འདུག