༢༠༡༡ ཟླ་ ༣ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །བོད་རྒྱལ་ལོ་ ༢༡༣༨ ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་འདས་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཁྲི་སྟོང་མང་པོས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྒྱ་ནག་བཙན་འཛུལ་པར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོ་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རང་རིགས་དང་འཛམ་གླིང་རྒྱལ་ཁབ་གང་ས་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༣༠༠༠ བརྒལ་བ་རྣམས་ནས་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་འབྲེལ་གྱི་མཛད་སྒོ་དངོས་གཞི་དབུ་འཛུགས་སྐབས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པས་གཙོས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་བཅས་སེར་སྐྱ་མི་མང་ཚང་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་འཕྲལ་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱི་བཀའ་དྲུང་མི་གྱུར་རྡོ་རྗེ་ལགས་ཀྱིས་མཛད་རིམ་ངོ་སྤྲོད་ཀྱི་ཐོག་མར་སེར་སྐྱ་མི་མང་ཚང་མས་སྐུ་བཞེངས་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ་གྲུབ་མཚམས་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཆེད་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་བོད་གཞུང་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་གྲུབ་མཚམས་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་གསུང་བཤད་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་།
དེ་ནས་སྤྱི་ནོར་༸གོང་ས༌༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དྲན་གྱི་གསུང་འཕྲིན་ལྗགས་ཀློག་མ་མཛད་གོང་བཀའ་སློབ་ཕེབས་དོན། དེ་རིང་འདིར་ང་ཚོ་བོད་ཀྱི་ལོ་རྒྱུས་ནང་སྡུག་བསྔལ་བྱུང་བའི་དྲན་གསོ་ཞིག་བྱེད་བཞིན་ཡོད། འདིའི་ཐོག་གདུང་སེམས་མཉམ་སྐྱེ་དང་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་འདི་གར་ཨ་རི་ནས་གྲོགས་པོ་ར་ཅར་ཌི་སི་བ་ལུམ་(Richard C Blom)ལགས་དང་། དེ་བཞིན་ཁྱེད་རང་ཚོ་ཕྱི་རྒྱལ་གྱི་སྐུ་མགྲོན་ཁག་གཅིག་ཕེབས་འདུག ལྷག་པར་རྒྱ་རིགས་སྤུན་ཟླའི་ནང་ནས་ཁྱེད་རང་ཚོ་རང་དབང་དང་བདེན་དོན་ལ་སོ་སོ་སྒེར་གྱི་ངོས་ནས་མོས་པ་དང་ཡིད་ཆེས་ཀྱི་ཐོག་ནས་སྤྱི་ཚོགས་ནང་ལ་ཡིན་ནའང་སོ་སོའི་ཡིད་ཆེས་དེ་མི་གཞན་ལ་བསྟན་པའི་ཐོག་ནས་རང་དབང་བདེན་པའི་འཐབ་རྩོད་བྱེད་མཁན་གྲོགས་པོ་མང་པོ་ཞིག་གིས་ང་ཚོ་བོད་པའི་རང་དབང་བདེན་དོན་གྱི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་དང་ལྷག་པར་བོད་ཀྱི་བདེན་དོན་ཐོག་ལ་རྒྱ་མི་རིགས་ཚོས་བདེན་དོན་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་སྟོན་སླད་ཁོང་ཚོ་ཆེད་མངགས་བར་སྐབས་ལོ་ཤས་ནས་འཆར་ཅན་ཡོང་གི་ཡོད་པ་འདི་གནད་འགག་ཆེན་པོ་ཞིག་འདུག གང་ལྟར་བོད་ཀྱི་དཀའ་ངལ་དེ་རྒྱ་ཕྱོགས་ནས་བྱུང་བ་ཞིག་རེད། དེར་བརྟེན་དཀའ་ངལ་འབྱུང་ས་དེ་རྒྱ་ཆེའི་མི་མང་གིས་ཐོག་ནས་བདེན་པ་བདེན་པར་ངོས་འཛིན་གྱི་བདེན་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཞེས་པ་དེ་ཕན་ཚུན་གཉིས་ཕན་གྱི་ཐོག་ནས་དཀའ་ངལ་སེལ་ཐུབ་རྒྱུའི་ཆ་རྐྱེན་གལ་ཆེ་ཤོས་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཁྱེད་རང་ཚོ་དངོས་སུ་ཕེབས་པའི་རྒྱ་རིགས་གྲོགས་པོ་ཚོ་བརྒྱུད་ནས་རྒྱ་རིགས་གྲོགས་པོ་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང་དངོས་ཡོད་གནས་ཚུལ་རྟོགས་མཁན་ཚང་མར་དམིགས་བསལ་གྱི་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་བཀའ་སློབ་ཕེབས་རྗེས་དུས་དྲན་གྱི་གསུང་འཕྲིན་ལྗགས་ཀློག་མཛད། དེ་ནས་བོད་གཞུང་ཟློས་གར་ཚོགས་པས་གསུམ་བཅུའི་དྲན་གླུ་འབུལ་ཕུལ་ཏེ་གཞུང་འབྲེལ་མཛད་སྒོ་ལེགས་པར་གྲུབ།
དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆུ་ཚོད་ ༡༠།༣༠ ཐོག་ཕྱི་ནང་གསར་འགོད་པ་གྲངས་ ༨༠ བརྒལ་བར་མཇལ་འཕྲད་གནང་སྟེ་ཁོང་རྣམ་པའི་དྲི་བ་ཁག་བཅུ་གཉིས་ཙམ་ལ་ལན་འདེབས་གནང་ཡོད། དེ་ཡང་བཀའ་ཁྲི་མཆོག་གིས་ཁྱེད་རྣམ་པ་རེ་རེ་བཞིན་ཐུག་ཁོམ་མེད་པར་བརྟེན། ཚང་མ་ལྷན་འཛོམས་ཀྱི་ཐོག་ཁྱེད་རྣམ་པའི་དྲི་བར་ལན་འདེབས་ཞུ་རྒྱུ་ཡིན། རྩ་བའི་བཀའ་ཤག་གི་གཏམ་བཤད་ཚོགས་ཐོག་ཏུ་ཞུས་ཟིན་པ་ཡིན་ཞེས་གསུངས་ཏེ་གསར་འགོད་པའི་དྲི་བ་བོད་རྒྱ་འབྲེལ་མོལ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་དུ་ཕེབས་བཞེེས་སྐོར། ཆབ་སྲིད་ཀྱི་དབུ་ཁྲིད་ཀྱི་མཛད་འགན་མུ་མཐུད་བཞེས་མིན། དེ་བཞིན་བོད་གཞིས་བྱེས་གཉིས་ནས་ཆོས་སྲིད་ཀྱི་མཛད་འགན་མུ་མཐུད་བཞེས་རྒྱུར་གསོལ་འདེབས་སྐྱབས་འཇུག་ཞུ་བཞིན་ཡོད་ཀྱང། གལ་ཏེ་ཐུགས་འགན་མ་བཞེས་པ་སོགས་མཛད་ཚེ་བོད་རྒྱ་ཞི་མོལ་དང་མ་འོངས་བོད་ཀྱི་གནས་སྟངས་ཇི་ཆགས་སྐོར་སོགས་ཀྱི་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་རེ་རེ་བཞིན་གནང་ཡོད་པ་བཅས། །
བོད་མིས་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།