༄༅། །འདི་གར་ཐེ་ཝན་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་མཆོད་ཁང་ནང་སྲུང་བརྩི་ཞུས་པ་དང་དུས་མཚུངས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཁྲིད་ཟིན་བྲིས་ཞེས་པའི་རྒྱ་ཡིག་ཕྱག་དེབ་དབུ་འབྱེད་གནང་ཡོད་པ་རེད།
ཐའེ་ཝན་ནང་ནད་ཡམས་ཀྱིས་རྐྱེན་པས་མི་ཚོགས་འདུ་འཛོམས་ཆོག་གི་མེད་སྟབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་ཚེས་ ༦ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་རྣམས་མཆོད་ཁང་ནང་མཉམ་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས་རྗེས། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། མ་ཎི་ཡིག་དྲུག་གསོག་སྒྲུབ་ཞུས།
དེ་ཉིན་ ༡༩༩༧ ལོར་༸གོང་ས་མཆོག་ནས་བཞུགས་སྒར་དུ་དབུ་མ་རྩ་བ་ཤེས་རབ་བཀའ་ཁྲིད་གནང་བའི་ཟིན་བྲིས་ཕྱག་དེབ་འདི་གའི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ནས་རྒྱ་སྐད་ཐོག་སློབ་འཁྲིད་དང་། སློབ་མ་ཚོས་ཟིན་བྲིས་བཏབ་པ་ཞུ་དག་ཕྱོགས་སྒྲིག་གིས་དོན་གཅོད་ལས་ཁུངས་ནས་འདོན་སྤེལ་ཞུ་བཞིན་པའི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་ ༡༩ པ་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཁྲིད་ཟིན་བྲིས་ཞེས་པ་དེབ་གྲངས་ ༡༠༠༠༠ ཐམ་པ་པར་སྐྲུན་ཞུས་པ་དོན་གཅོད་དང་། ཆོས་དགེ་གཉིས་ནས་དབུ་འབྱེད་གནང་ཞིང་། དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་དོན། ༸གོང་ས་མཆོག་གི་བཀའ་སློབ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་ཐའེ་སྡོད་བོད་མི་དང་ཆོས་ཚོགས་ཁག་ལ་གསལ་བསྒྲགས་སྤེལ་ནས་མ་ཎི་ཡིག་དྲུག་གསོག་སྒྲུབ་ཞུ་དགོས་པ་ལྟར་ས་ཡ་མང་པོ་གསོག་སྒྲུབ་བྱུང་འདུག དེ་རིང་ང་ཚོ་ལས་བྱེད་ཚོ་མཆོད་ཁང་དུ་འཛོམས་ནས་མ་ཎི་གསོག་སྒྲུབ་དང་། དམིགས་བསལ་མཛད་རིམ་གལ་ཆེ་ཞིག་ནི་༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་ ༡༩ པ་དེ་པར་སྐྲུན་དབུ་འབྱེད་ཞུ་ཐུབ་པ་བྱུང་བ་དེས་ཐའེ་ཝན་དད་ལྡན་མང་ཚོགས་རེད། རྒྱ་ཡིག་ཤེས་མཁན་གྱི་ནང་པ་ཚོ་ལ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ལེགས་སྐྱེས་ཡག་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་ན། དེབ་འདི་པར་སྐྲུན་འགྲེམས་སྤེལ་ཞུས་པའི་དགེ་བའི་ལས་འདིས་རྒྱ་ཡིག་ཤེས་མཁན་གྱི་ནང་པ་ཚོ་དད་གུས་གཅིག་པུ་མ་ཡིན་པར་ནང་ཆོས་ཀྱི་སྙིང་བཅུད་སློབ་སྦྱོང་བྱ་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་རྒྱ་ཆེན་པོ་ཡོང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད་ཅེས་གསུངས།
དབུས་ལས་ཁུངས་ནས་བཀོད་ཁྱབ་ཕེབས་པ་ལྟར་ཆུ་ཚོད་ ༡༡།༣༠ ཐོག་དབུས་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་བའི་དྲ་ལམ་ཐད་གཏོང་ཆ་ཚང་བལྟ་ཉན་ཞུས།
འདི་ལོ་དམིགས་བསལ་ཐའེ་ཝན་གཞུང་མང་གཉིས་ནས་དྲ་ཐོག་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་འཚམས་འདྲི་ཞུས་ཡོད་ཁོངས། ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་དབྱིང་ཝིན་ལགས་དང་། ཐའེ་ཝན་ཕྱི་སྲིད་ལས་ཁུངས། ཐའེ་པེ་གྲོང་ཁྱེར་དང་། ཅིའི་ལོང་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི། སྲིད་དོན་ཚོགས་པའི་འགན་འཛིན་སོགས་དང་། གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་དང་། དད་ལྡན་སློབ་མ་མང་པོས་དྲ་རྒྱའི་ཐོག་རྣམ་པ་སྣ་ཚོགས་ཀྱི་འཚམས་འདྲི་ཞུས་ཡོད་པ་རེད།
འདི་ག་དོན་གཅོད་ལས་ཁུངས་ནས་ཐའེ་སྡོད་བོད་རིགས་ཚོགས་པ་བརྒྱུད་བོད་མི་དང་། ཆོས་ཚོགས་ཁག་ནས་མ་ཎི་ཡིག་དྲུག་གསོག་སྒྲུབ་ཞུ་དགོས་པའི་འབོད་སྐུལ་གསལ་བསྒྲགས་སྤེལ་བ་ལྟར། བོད་རིགས་ཚོགས་པར་སྒྲུབ་ཐོ་འབྱོར་ཁོངས་ཐའེ་སྡོད་བོད་མི་དང་། ཕ་ཡུལ་བོད་ས་ཁུལ། ཐའེ་ཝན་ཆོས་ཚོགས་སོགས་ནས་ཁྱོན་མ་ཎི་ཡིག་དྲུག་གྲངས་ ༡༠༨༦༡༣༡༡༠ དང་། དམིགས་བསལ་བོད་ནས་འབྱོར་བའི་སྒྲུབ་ཐོ་ཞིག་ནང་མ་ཎི་ཡིག་དྲུག་གྲངས་ ༢༩༤༦༠༦༥༨ དང་། ཐུབ་པའི་མཚན་སྔགས་གྲངས་ ༤༥༧༢༨༢༦ སྒྲོལ་མའི་གསུངས་སྔགས་གྲངས་༤༨༠༤༣༩༠ གུ་རུའི་མཚན་སྔགས་གྲངས་ ༧༡༦༣༤༣ དེ་བཞིན་འདི་ག་དོན་གཅོད་ཁུངས་ཀྱི་ནང་ཆོས་འཛིན་གྲྭའི་དགེ་སློབ་ཡོངས་ནས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཆེད་ལོ་འཁོར་གཅིག་ནང་སྒྲོལ་མའི་གཟུངས་སྔགས་ཁྱོན་བསྡོམས་གྲངས་ ༤༩༧༥༤༨༩༣ གསོག་སྒྲུབ་གནང་ཡོད་པ་བཅས། །