ཟླ་བ་ ༡༠ ཚེས ༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༩ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༢༨ པ་དེ་སྤེལ་ཡོད། 

དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་དབྱངས་མཚོ་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན། 

དང་པོ། འཕྲོད་བསྟེན་དྲུང་ལས་ཚེ་དབང་དབྱངས་མཚོ་ལགས་ཀྱིས་ད་ཆ་རྒྱ་གར་ནང་སྒོ་རྒྱ་རིམ་པ་ཕྱེ་བ་ལས་མི་རྣམས་འགྲུལ་བཞུད་འགོ་བཙུགས་པས་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཆེ་ཆེར་འགྲོ་བཞིན་ཡོད་པས་བོད་མིའི་གཞིས་ཆགས་ནང་དུའང་ད་ཆ་ནད་གཞི་འདི་ཕོག་པ་མི་གྲངས་ ༥༣༥ ཙམ་བྱུང་ནས་གནས་སྟངས་ཛ་དྲག་ཆགས་ཡོད། ད་ལྟའི་དུས་ཚོད་འདིར་མི་མང་ནས་སྔར་ལྷག་སྔོན་འགོག་ཐོག་དོ་སྣང་གནང་དགོས་ཀྱི་འདུག ལྷག་པར་དེ་རིང་ཞུ་དོན་གཙོ་བོ་ནི་བོད་རིགས་གཞོན་སྐྱེས་རྣམས་ལ་ཡིན། ལོ་ན་གཞོན་པ་ཕོ་གསར་མོ་གསར་ཚོ་ཕྱིར་འགྲུལ་བཞུད་མང་པོ་བྱེད་པ་ལས་ནང་དུ་བཞུགས་མཁན་ཕྲུ་གུ་ཆུང་ཆུང་དང་ལོ་ན་བགྲེས་པ་སྤོ་ལགས་རྨོ་ལགས་ཚོར་ནད་གཞི་འདི་འགོས་ཉེན་ཆེན་པོ་འདུག་པས་ང་ཚོ་ཚང་མས་སྐུ་ན་བགྲེས་པ་དང་ཆུང་བྱིས་པ་རྣམས་སྲུང་སྐྱོབ་བྱ་རྒྱུར་འགན་ཡོད་པས་ང་ཚོ་གཞོན་པ་ཚོས་དམིགས་བསལ་ཐུགས་སྣང་དང་། ལྷག་པར་གལ་ཆེ་དོན་ཆེན་ཡོད་ན་མ་གཏོགས་ཕྱིར་འགྲུལ་བཞུད་མ་གནང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

གཞོན་སྐྱེས་མང་པོ་ཞིག་གིས་ན་ཚ་འདི་ན་བའི་རྗེས་ཉིན་ཤས་ནས་དྲག་འགྲོ་ཡི་རེད་བསམ་པའི་སྣང་ཆུང་དང་ལྷོད་གཡེང་གཏོང་བཞིན་པའི་གནས་ཚུལ་གོ་ཐོས་འདུག་ན། ནད་གཞི་འདི་ཕོག་པའི་སྐབས་དམིགས་བསལ་ནད་རྟགས་མེད་པས་དཀའ་ངལ་མ་འཕྲད་ཀྱང་ཕུགས་རྒྱང་རིང་པོར་གཉན་སྲིན་ནད་འབུ་འདིས་ལུས་པོའི་ནང་གི་དོན་སྣོད་དང་ཀླད་པ། དབང་རྩ་སོགས་ལ་གནོད་ཚབས་གཏོང་གི་ཡོད་པས་ཚང་མས་ལྷོད་གཡེང་དང་སྣང་ཆུང་དུ་མ་བསམ་པར་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས། ད་ཆ་རྒྱ་གར་ནང་དུའང་ཛ་དྲག་ཆེན་པོ་ཆགས་ཀྱི་ཡོད་པ་དང་། བོད་མིའི་སྤྱི་ཚོགས་ནང་ལའང་ང་ཚོའི་མི་འབོར་ལ་དཔགས་པས་གྲངས་ཚད་མཐོ་པོ་ཆགས་ཀྱི་ཡོད་སྟབས། བོད་མི་ཚང་མས་འགན་འཁུར་དང་ཐུགས་སྣང་གང་ཟབ། ཁ་རས་གྱོན་རྒྱུ། ལག་པ་སྐར་ཆ་ ༢༠ དག་རྫས་དང་དུག་སེལ་སྨན་ཆུས་བཀྲུ་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ་རྣམས་མུ་མཐུད་ནས་གནང་རོགས།

དེང་སང་སྐད་འཕྲིན་སོགས་དྲ་ལམ་ཁག་ནང་ཏོག་དབྱིབས་གཉན་རིམས་ ༡༩ དང་འབྲེལ་བའི་དཀྲོག་གཏམ་མང་པོ་ཞིག་སྤེལ་གྱི་འདུག དེ་རིགས་མང་ཚོགས་ནས་མ་གསན་རོགས་གནང་ཞུ་རྒྱུ་དང་ཆབས་ཅིག་འདི་རིགས་སྤེལ་མཁན་རྣམས་ལའང་གནས་ཚུལ་ཁུངས་ལྡན་མིན་པ་དཀྲོག་གཏམ་རིགས་རྩ་བ་ནས་མ་སྤེལ་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། 

གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུ་དོན། འདས་པའི་བདུན་ཕྲག་ནང་ཁྱོན་བོད་མི་གྲངས་ ༧༥༥ ༼རང་ཁྱིམ། ༣༢༧ སྒྲིག་འཛུགས་ནས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༤༢༨ དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༧༤༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། བོད་མིའི་གཞིས་ཆགས་ཁག་ཏུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་ཁོངས་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༩ དང་། བལ་ཡུལ་ནང་གི་ས་གནས་གྲངས་ ༢ ནང་ཁྱོན་མི་གྲངས་ ༢༡༡༤ ལ་བརྟག་དཔྱད་གནང་ཐུབ་པ་དང་། གངས་སྐྱིད་ཁུལ་གྱི་རྟོགས་ཞིབ་ཚན་པ་ནས་ཁྱོན་མི་གྲངས་ ༡༩༡༧ ལ་ཚ་བ་ཡོད་མེད་སོགས་ནད་རྟགས་རྟོགས་ཞིབ་གནང་། སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༡༠༠ ལ་ཁ་པར་ཐོག་འབྲེལ་བ་གནང་ཐུབ་པ་བྱུང་ཡོད་པ་དང་། དེ་བཞིན་བོད་མིའི་གཞིས་ཆགས་ཁག་ ༨ ནང་འགོག་དབྱེ་ཟུར་བཀག་ཐོག་བཞུགས་པའི་མི་གྲངས་ ༥༣ ལ་ཁ་པར་བཏང་བ་བརྒྱུད་སེམས་ཁམས་འཕྲོད་བསྟེན་ཐོག་སློབ་གསོ་ལམ་སྟོན་གནང་ཐུབ་པ་བྱུང་ཡོད།

དེ་བཞིན་གསོ་རིག་ལུས་སེམས་ནུས་གསོ་དང་འབྲེལ་ད་བར་ཁྱོན་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༥༠༧ དང་། རྒྱ་བལ་འབྲུམ་གསུམ་ནང་བཞུགས་མཁན་དགུང་ན་ ༦༠ མི་གྲངས་ ༩༩༡༠ འཕྲོད་ལས་པ་སོགས་མདུན་ལ་ཞབས་ཞུ་བསྒྲུབ་མཁན་མི་གྲངས་༡༦༠༨ ཁྲག་ཤེད་སོགས་བླ་གཉན་ནད་གཞི་ཡོད་པ་མི་གྲངས་ ༣༨༩༠ ཕྱི་ཡི་རྒྱལ་ཁབ་གྲངས་ ༡༤ ཙམ་ལ་བོད་སྨན་གྲངས་ ༢༦༣༥ བཅས་ཁྱོན་བསྡོམས་གསོ་རིག་ལུས་སེམས་ནུས་གསོའི་སྨན་གྲངས་ ༢༡༥༥༠ ༼ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་ལྔ་བཅུ།༽ཐམ་པ་རིན་མེད་བགོ་འགྲེམས་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་ས་གནས་སུ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པས་འདི་ག་རྡ་ས་ཁུལ་དུ་འདས་པའི་བདུན་ཕྲག་ནང་མི་གྲངས་ ༥༨ ལ་བརྟག་དཔྱད་བྱས་པ་ལས་མི་སུ་ཞིག་ལ་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་། ད་ཉིན་ཞོགས་པ་ནད་གཞི་ཕོག་པའི་ཡུལ་མི་གཅིག་དང་ཐད་ཀར་འབྲེལ་གཏུག་བྱུང་བའི་བོད་མི་གཅིག་ལ་བརྟག་དཔྱད་བྱས་པས་ཁོང་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད།

ནད་ཡམས་ཁྱབ་གདལ་བཀག་འགོག་གི་གདོང་ལེན་དུ་ནད་གཞི་ཕོག་པའི་མི་དང་འབྲེལ་གཏུག་བྱུང་བ་རྣམས་རྩད་གཅོད་ཀྱིས་འགོག་དབྱེ་ཟུར་འཇོག་བྱ་རྒྱུ་ཤིན་ཏུ་གལ་ཆེ་བས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཁྱབ་ཁོངས་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་རྣམས་ལ་དྲ་ཐོག་ནས་འབྲེལ་གཏུག་རྩད་གཅོད་གནང་ཕྱོགས་ཀྱི་ཟབ་འཁྲིད་ཕུལ་ཟིན་པ་དང་། རྡ་ས་ཁུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་གྲངས་ ༢༦ དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གྲངས་ ༡༣ ནས་མི་གྲངས་ ༡༩ བཅས་ཁྱོན་མི་གྲངས་ ༤༥ ལ་གོང་གསལ་ཟབ་སྦྱོང་དེ་ལེགས་པར་ཕུལ་ཟིན།

གསུམ་པ།  བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༨༠ བྱུང་། ཞིབ་ཕྲ་ནི། ལྡི་ལི་ཁུལ་ནས་མི་གྲངས། ༨ ལ་དྭགས་ཁུལ་ནས་མི་གྲངས། ༡༣ ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་གྲངས། ༡༨ མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༣ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༦ ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༤ རྡ་རམ་སཱ་ལ་ནས་མི་གྲངས། ༡ མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༡༡༧ བལ་ཡུལ་ཀཐ་མན་ཌུ་དང་པོག་ར་ཁུལ་ནས་མི་གྲངས་ ༡༠ བཅས་ཁྱོན་མི་གྲངས་༡༨༠ བྱུང་བ་ནང་ནས་སྐྱེས་པ་གྲངས་ ༡༥༢ དང་། བུད་མེད་གྲངས་ ༢༨ དགུང་ན་མཐོ་ཤོས་དེ་ ༨༨ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན། ཡིད་སྐྱོའི་གནས་ཚུལ་ཞིག་ལ་འདས་པའི་བདུན་ཕྲག་ནང་མོན་གྷོ་བོད་མིའི་གཞིས་ཆགས་ནས་སྐྱེས་པ་རང་ལོ་ ༨༡ སོན་པ་ཞིག་ནད་ཡམས་འདིའི་རྐྱེན་པས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་ཁྱོན་བོད་མི་ནད་གཞི་ཕོག་པ་གྲངས་ ༥༣༥ དྲག་སྐྱེད་བྱུང་བ་མི་གྲངས་ ༢༣༣ འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥ ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༢༨༧ བཅས་བྱུང་བའི་གནས་ཚུལ་ཞུ། 

བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར། 

ད་ཆ་འཛམ་གླིང་ནང་རྒྱལ་ཁབ་དང་རྒྱལ་ཕྲན་བསྡོམས་གྲངས་ ༢༣༥ ཙམ་ནང་ཁྱོན་མི་གྲངས་མི་ས་ཡ་ ༣༥ (35659007) ལྷག་ལ་ནད་གཞི་ཕོག་ཡོད་པ་དང་མི་གྲངས་འབུམ་ ༡༠ ལྷག་ (10044269) ནད་གཞི་འདིིའི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད། རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༦༨ (6835655) ལྷག་ལ་ནད་གཞི་ཕོག་ཅིང་མི་གྲངས་ཁྲི་ ༩ (105526-1.54%) ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་མི་གྲངས་འབུམ་ ༥༨(5827704-83.25%) ལྷག་དྲག་སྐྱེད་སོང་ཡོད་པ་དང་། ད་ཆ་མི་གྲངས་འབུམ་ ༩ (902425-13.20%) ལྷག་ནད་མནར་བཞིན་པ་དང་། ཉིན་གཅིག་ཏེ་འདས་པའི་ཆུ་ཚོད་ ༢༤ ནང་མི་གྲངས་བདུན་ཁྲི་བརྒྱད་སྟོང་ཙམ་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་། རྒྱ་གར་འདི་བཞིན་ད་ཆ་འཛམ་གླིང་ནང་ནད་གཞི་ཕོག་མཁན་གྲངས་འབོར་མཐོ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད།

ནད་པ་བརྟག་དཔྱད་དང་འབྲེལ་རྒྱ་གར་ནང་ད་བར་ཁྱོན་མི་གྲངས་འབུམ་ ༨༣༤(83465975) ལྷག་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཅིང་། འདས་པའི་ཉིན་གྲངས་གཅིག་ནང་ཁྱོན་མི་གྲངས་འབུམ་ ༡༡(1194321) ལ་བརྟག་དཔྱད་གནང་བ་བྱུང་འདུག རྒྱ་གར་ནང་ད་ཆ་སྒོ་རྒྱ་རིམ་པ་ཕྱེ་བ་ལས་ཡུལ་མི་སྤྲོ་འཁྱམ་བྱེད་མཁན་སོགས་འགྲུལ་བཞུད་མང་པོ་བྱེད་ཅིང་ནད་ཡམས་ཀྱི་ཛ་དྲག་མེད་པའི་རྣམ་པ་ལྟ་བུ་མངོན་པས་བོད་མིའི་སྤྱི་ཚོགས་ནང་དུའང་འགྲུལ་བཞུད་དང་ལྷག་པར་འཚོ་བའི་རྟེན་དུ་ཚོང་ཁང་དང་མགྲོན་ཁང་སྒོ་ཕྱེ་བ་དང་། ཞིང་པ་རྣམས་སྟོན་ཐོག་ཕྱིར་ཚོང་ཆེད་འགྲུལ་བཞུད་བྱེད་པ་ལ་རྟེན་བོད་མིའི་གཞིས་ཆགས་ནང་དུ་ད་ཆ་ནད་གཞི་ཕོག་མཁན་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་ན་ད་ལན་མང་ཚོགས་ལ་དྲན་སྐུལ་ཚུལ་དུ་ཏོག་དབྱིབས་གཉན་རིམས་ ༡༩ འདི་འགོས་ནད་ཞིག་ཡིན་པ་དང་། ནད་གཞི་འདི་ནི་མི་གང་ཞིག་གིས་སྔོན་འགོག་ཐབས་ལམ་ཁ་རས་མ་གྱོན་པར་སྐད་ཆ་ཤོད་པ་དང། གློ་དང་སྦྲིད་པ་རྒྱག་པ་ལ་སོགས་པས་མཆིལ་མའི་རྡུལ་ཕྲན་བརྒྱུད་མི་ནས་མིར་འགོས་ཀྱི་ཡོད་པས་ནད་ཡམས་འདིའི་ཁྱབ་གདལ་བཀག་འགོག་ལ་དེ་སྔོན་ནས་ལམ་སྟོན་ཞུས་པ་བཞིན་ཁ་རས་གྱོན་རྒྱུ། ལག་པ་ཡང་སེ་བཀྲུ་རྒྱུ། མི་ནས་མིའི་དབར་རྒྱང་ཐག་འཇོག་རྒྱུ་བཅས་སྔོན་འགོག་གི་ཐབས་ལམ་འདི་གསུམ་གཙོ་བོ་ཡིན་པས་འདི་དག་མི་རེ་ངོ་རེས་བྱེད་ཐུབ་ཡས་ཅིག་ཡིན་པས་ངེས་པར་ཐབས་ལམ་འདི་རྣམ་གཡེང་དང་ལྷོད་གཡེང་དུ་མ་ཤོར་བར་མུ་མཐུད་ནས་བསྟེན་དགོས་པའི་ལམ་སྟོན་ཞུ། ཁ་རས་གྱོན་པའི་དགེ་མཚན་ནི་གལ་ཏེ་རང་ཉིད་ལ་གཉན་སྲིན་ནད་འབུ་དེ་འགོས་ཡོད་ཚེ་དེ་མི་གཞན་ལ་མ་འགོས་ཡས་དང་། རང་ཉིད་གློ་དང་སྦྲིད་པ་རྒྱབ་པ་ལ་རྟེན་ནས་ནད་སྲིན་དེ་ཉེ་འཁོར་གྱི་ཅ་དངོས་སོགས་སུ་མ་ལྷུང་བར་དགེ་ཚན་ཡོད།

དེ་བཞིན་ལག་པ་བཀྲུ་ཡས་དེ་ནི་གཉན་སྲིན་ནད་འབུ་འགོས་པའི་ནད་པ་གང་ཞིག་གིས་གློ་དང་སྦྲིད་པ་རྒྱག་པ་ལས་ནད་འབུ་དེ་ཉེ་འགྲམ་གྱི་ཅ་དངོས་སོགས་སུ་ལྷུང་ཡོད་ཚེ་དེར་མི་གཞན་ཞིག་གིས་ལག་པ་འཆང་བ་ལས་གཉན་སྲིན་དེ་སོ་སོའི་ལག་པར་འགོས་ནས་ལག་པ་དེ་ཁ་དང་སྣ་མིག་ལ་འཆང་ན་སོ་སོར་འགོས་ཉེན་ཡོད་པས་དོན་མེད་ས་ཕྱོགས་གཡས་གཡོན་དང་ཅ་དངོས་རིགས། སྒོ་སྒེའུ་དང་སྐེས་འཛེག་ལ་ལག་པ་མ་འཆང་ན་ལེགས་ལ་གལ་ཏེ་འཆང་བ་ཡིན་ན་ཡང་ལག་པ་གཉིས་དག་རྫས་དང་ཡང་ན་དུག་སེལ་སྨན་ཆུས་སྐར་ཆ་༢༠ རིང་ངེས་པར་བཀྲུ་དགོས། ལག་པ་ཡང་སེ་བཀྲུ་བ་ལས་གཉན་སྲིན་ནད་འབུ་དེ་རང་ཉིད་ལ་འགོས་མི་ཐུབ་པའི་དགེ་ཚན་ཡོད།

མཐར་མང་ཚོགས་ནང་མི་དང་མིའི་དབར་རྒྱང་ཐག་འཇོག་རྒྱུ་དེ་དཀའ་ངལ་ཆེ་ཤོས་ཞིག་ཆགས་འདུག ཏོག་དབྱིབས་གཉན་རིམས་༡༩ འདི་འགོས་ནད་ཤིག་ཡིན་པས་འདི་ནི་མི་ནས་མིར་འགོས་ཀྱི་ཡོད་ན་ཉུང་ཐར་མིའི་དབར་རྒྱང་ཐག་མི་ཊར་༡ འཇོག་ན་དེས་མི་གཞན་ལ་གཉན་སྲིན་ཡོད་པ་དེ་རང་ཉིད་ལ་འགོས་མ་ཐུབ་པའི་ཐབས་ལམ་བཟང་ཤོས་དེ་ཡིན་ན་གོང་གསལ་སྔོན་འགོག་གི་སྟབས་བདེའི་ཐབས་ལམ་གསུམ་འདི་མང་ཚོགས་ནས་ཡིན་ཅིག་བསྟེན་དགོས། འདི་ནི་རང་ཉིད་ཙམ་གྱི་སྲུང་སྐྱོབ་མིིན་པར་སྤྱི་ཚོགས་ནང་ནད་ཡམས་ཁྱབ་གདལ་བཀག་འགོག་གི་ཐབས་ལམ་བཟང་ཤོས་ཤིག་ཏེ་གཞན་ཕན་གྱི་བྱ་བ་ཞིག་ཡིན་པས་ཚང་མས་འགན་བཞེས་པའི་ཐོག་ཐབས་ལམ་འདི་གསུམ་མུ་མཐུད་བསྟེན་དགོས་པ་སླར་ནན་སྐུལ་ཞུ་རྒྱུ་ཡིན། ཡང་མང་ཚོགས་ནས་ཐུགས་སྣང་དགོས་གལ་ཞིག་ལ་ད་ཆ་ནམ་དུས་འགྱུར་བ་འགྲོ་བའི་དུས་ཚོད་ལ་ཆམ་རིམས་ཕོག་ཉེན་ཡོད་པས་ད་ལྟའི་ཏོག་དབྱིབས་གཉན་རིམས་༡༩ དང་ཆམ་རིམས་གཉིས་ཀྱི་ནད་རྟགས་ཕལ་ཆེ་བ་གཅིག་པ་ཡིན་པས་རང་ཉིད་ལ་ཚ་བ་འཕར་བ་དང་། གློ་རྒྱབ་པ་སོགས་ཆམ་རིམས་ཀྱི་ནད་རྟགས་མངོན་ཚེ་གང་སྔ་ས་ནས་སྨན་པར་ཁ་པར་གཏང་བའི་ཐོག་བརྟག་དཔྱད་གཏན་འཁེལ་གནང་རྒྱུ་ཤིན་ཏུ་གལ་ཆེ། ཇི་ཙམ་གྱིས་བརྟག་དཔྱད་སྔོན་ལ་བྱེད་པ་དེ་ལས་ནད་གཞི་ཕོག་མིན་སྔོན་ལ་ཤེས་ཐུབ་ཅིང་ནད་གཞི་ཕོག་པ་སྔོན་ཚུད་ནས་ཤེས་རྟོགས་བྱུང་དེ་ལ་དཔོག་པའི་གསོ་བཅོས་ཕན་མྱུར་དང་ཛ་དྲག་གནས་སྟངས་མ་ཆགས་ཡས་ལ་ཕན་ཐོགས་ཡོད་པས་ཚང་མས་སྔོན་ཚུད་ནས་ཐུགས་སྣང་གནང་གལ་ཆེ་བའི་ལམ་སྟོན་ཞུ། མཐའ་དོན་ད་ཆ་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གནས་སྟངས་ཤིན་ཏུ་ཛ་དྲག་ཆགས་ཡོད་ཅིང་ས་གནས་ལ་ཕྱི་ལུགས་སྨན་པ་མེད་པ་དང་། སྨན་ཞབས་ཀྱིས་མ་འདེང་བ། ཀོ་ཝིཌ་གཅེས་སྐྱོང་ཁང་དུ་ཞབས་ཞུའི་ལས་བྱེད་དང་། ལྷག་པར་ས་གནས་ལ་བརྟག་དཔྱད་ཆེད་མི་རྣམས་ཀྱི་མིང་ཐོ་སོགས་དྲ་ཐོག་ནས་བསྐོང་དགོས་སོགས་མི་ཆའི་དཀའ་ངལ་འཕྲད་བཞིན་འདུག་ན་བོད་མིའི་སྤྱི་ཚོགས་ནང་སྨན་པ་དང་སྨན་ཞབས། དེ་བཞིན་སྐད་ཡིག་ཤེས་པ་དང་མ་ཤེས་པ་སོ་སོའི་འཇོན་ཚད་ཀྱིས་ཞབས་ཞུ་བསྒྲུབ་འདོད་ཡོད་ན་ད་ལྟ་དུས་ཚོད་རེད་འདུག རང་མི་རིགས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་བདེ་རྩེ་ཞབས་ཞུ་བསྒྲུབ་འདོད་ན་ད་ཆ་གོ་སྐབས་དང་དུས་ཚོད་བཟང་ཤོས་རེད་འདུག་པས་འབྲེལ་ཡོད་ཆེད་ལས་པ་རྣམས་ནས་དམིགས་བཀར་དགོངས་བཞེས་ཀྱིས་ས་གནས་སུ་དང་བླངས་གནང་དགོས་པའི་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། འདི་ག་འཕྲོད་བསྟེན་ལས་ཁུངས་ནས་སྔ་རྗེས་དང་བླངས་གསལ་བསྒྲགས་བཏང་བ་བཞིན་བོད་མི་མང་པོ་དང་བླངས་ངོར་ཕེབས་ནས་ད་བར་ཞབས་ཞུ་ལྷོད་མེད་བསྒྲུབ་བཞིན་ཡོད་པར་བསྔགས་བརྗོད་ཡི་རངས་ཞུ་རྒྱུ་ཡིན། ལྷག་པར་ས་གནས་འགས་ཤས་སར་ཏོག་དབྱིབས་གཉན་རིམས་༡༩ ཕོག་པའི་ནད་པ་བརྒྱ་ལྷག་བྱུང་ཡོད་ནའང་ས་གནས་ཀྱི་སྨན་པ་དང་སྨན་ཞབས་རྣམས་ནས་རང་ཉིད་དང་རང་གི་ཕ་མ་བུ་ཕྲུག་གི་ཉེན་ཁར་མ་འཛེམ་ནས་ཉམས་ཐག་ནད་པའི་ཞབས་ཞུ་ལྷོད་མེད་བསྒྲུབ་བཞིན་པར་སྙིང་དབུས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནསལམ་སྟོན་གནང་བའི་ནང་དོན་གཙོ་བོ་དེ་ད་ཆ་མང་ཚོགས་ནང་བརྟག་དཔྱད་བྱ་རྒྱུར་ཐེ་ཚོམ་དང་དངངས་ཚབ་བྱུང་བ་དེ་འདྲ་ཡོང་གི་འདུག་པས་ནད་གཞི་འདིར་ནད་རྟགས་ཡོད་པ་ཡོང་སྲིད་ལ་ནད་རྟགས་མེད་པའང་ཤིན་ཏུ་མང་བས་གལ་ཏེ་རང་ཉིད་ལ་ནད་རྟགས་མེད་ཚེ་ནད་གཞི་མེད་པས་ཁྱབ་པ་མེད་པས་མང་ཚོགས་ནས་སོ་སོར་ནད་རྟགས་མེད་ན་བརྟག་དཔྱད་བྱེད་ཀྱི་མིན་ཞེས་གསུངས་ན་ད་དུང་སྤྱི་ཚོགས་ནང་ཁྱབ་གདལ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད།

ནད་གཞི་འདི་ལ་ནད་རྟགས་གང་དང་གང་ཡོད་པ་རྣམས་མང་ཚོགས་ནས་མཁྱེན་དགོས་གལ་ཆེ་བས་ནད་རྟགས་གཙོ་བོ་ནི། ཚ་བ་འཕར་བ། གློ་རྒྱག་པ། རུས་ཟུག་རྒྱག་པ། ལུས་ཐང་ཆད་པ། གྲང་ཤུམ་རྒྱག་པ། མགོ་ན་བ། མིད་པ་མ་བདེ་བ། ཁ་ཟས་དང་ག་འགག་པ། ཟས་ཀྱི་དྲི་ཚོར་བ་བཅས་ཡིན་པས་ནད་རྟགས་འདི་འདྲ་མངོན་ཚེ་ངེས་པར་ས་གནས་ཀྱི་འཕྲོད་བསྟེན་སྨན་པར་འབྲེལ་བ་གནང་ནས་བརྟག་དཔྱད་བྱེད་དགོས་སོགས་ལམ་སྟོན་ཞུ་དགོས། གལ་ཏེ་སྨན་པས་བརྟག་དཔྱད་བྱེད་དགོས་པའི་ལམ་སྟོན་གནང་ཚེ་ངེས་པར་དུ་བརྟག་དཔྱད་གནང་དགོས། བརྟག་དཔྱད་བྱེད་པའི་དགེ་སྐྱོན་གང་ཡོད་མདོར་བསྡུས་ཞུ་ན། བརྟག་དཔྱད་བྱེད་ན་རང་ཉིད་ལ་ནད་གཞི་ཡོད་མེད་ཤེས་རྟོགས་ཐུབ་ཅིང་། གལ་ཏེ་ནད་གཞི་ཕོག་ཡོད་ན་སྔོན་ཚུད་ནས་ཤེས་རྟགས་བྱུང་བས་མི་གཞན་ལ་འགོ་མེད་པས་འདི་ནི་དགེ་བའི་ལས་ཞིག་ཡིན། བརྟག་དཔྱད་མ་བྱས་པར་བསྡད་ནས་མི་གཞན་མང་པོར་ན་ཚ་འདི་འགོས་ཡོད་ན་དེ་ཉེས་པའམ་སྡིག་པའི་ལས་ཡིན་པས་བརྟག་དཔྱད་བྱ་རྒྱུ་ནི་དགེ་བའི་ལས་ཞིག་ཡིན་པ་དང་། ཡང་བརྟག་དཔྱད་བྱས་པ་ལས་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ན་རང་ཉིད་བློ་བདེ་ལ་ནང་མི་བུ་ཕྲུག་རྣམས་ལའང་བདེ་འཇགས་ཡིན།

ཅི་སྟེ་བརྟག་དཔྱད་བྱེད་ནས་ནད་གཞི་ཕོག་ཡོད་ཚེ་དེ་སྔོན་ཚུད་ནས་ཤེས་རྟོགས་བྱུང་བས་དེའི་ཆེད་སྨན་བཅོས་སྔ་ས་ནས་བྱེད་ཐུབ་ན་ཛ་དྲག་མ་ཆགས་པར་སོ་སོར་དགེ་ཕན་ཡོད་པ་དེ་མི་མང་ནས་ངེས་པར་མཁྱེན་རྟོགས་དགོས་འདུག་ལ་འདི་ག་བོད་མིའི་སྒྲིག་འཛུགས་ནས་ས་གནས་ཆེ་ཁག་ལ་བརྟག་དཔྱད་ཆེད་མཐུན་འགྱུར་སྦྱར་ཡོད་པས་དེ་མང་ཚོགས་ནས་འགན་མཉམ་བཞེས་ཀྱིས་བརྟག་དཔྱད་ངེས་པར་གནང་དགོས་པའི་རྒྱབ་སྐྱོར་དང་སྐུལ་མ་ཞུ་རྒྱུ་ཡིན། མང་ཚོགས་ནས་བརྟག་དཔྱད་གང་སྔ་སར་བྱེད་ན་དེས་ནད་གཞི་ཕོག་མེད་དབྱེ་ཞིབ་བྱེད་ཐུབ་ཅིང་སྤྱི་ཚོགས་ནང་ཁྱབ་གདལ་མ་འགྲོ་བར་ཕན་ཐོགས་ཡོད་ལ། ས་གནས་སུ་སྨན་པ་དང་སྨན་ཞབས་འཕྲོད་ལས་པ་མང་པོར་དཀའ་ངལ་ཆེན་པོ་མ་འཕྲད་པར་ཕན་ཐོགས་ཡོད་པས་མི་གང་མང་ནས་བརྟག་དཔྱད་གནང་རོགས་ཅེས་འབོད་སྐུལ་ཞུ། དོན་ཚན་གཉིས་པ་དེ་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་ Andhra Pradesh དང་ Tamil Nadu གཉིས་ནང་ཚན་རིག་པ་ཁག་ཅིག་གིས་ཉམས་ཞིབ་བྱས་པའི་ཡིག་ཆ་ཚན་རིག་དུས་དེབ་ནང་ཐོན་པའི་ནང་། དེ་གའི་མངའ་སྡེའི་ནང་ནད་གཞི་ཕོག་པར་ཉམས་ཞིབ་བྱས་པས་མི་གང་ཞིག་ཆུ་ཚོད་༦ ལས་མང་བར་འགྲུལ་བཞུད་བྱས་པ་ནི་ཉེན་ཚབས་ཆེ་ཤོས་ཆགས་ཡོད།

མངའ་སྡེ་དེ་དག་ནང་གི་ནད་པའི་བརྒྱ་ཆ་༦༦ དེ་ནད་གཞི་ཕོག་པ་བརྒྱ་ཆ་༨ ཀྱིས་མི་གཞན་དེ་ཚོར་ནད་འགོ་བ་ཆགས་འདུག་པས་ཐོག་མའི་མི་བརྒྱ་ཆ་༨ དེ་ཚོར་བརྟག་དཔྱད་བྱས་ནས་ཟུར་བཀག་བཞག་ཡོད་ཚེ་ནད་པ་བརྒྱ་ཆ་༦༦ དེ་ཚོ་ཡོང་ཡས་མེད་རེད། བརྟག་དཔྱད་གང་མང་བྱེད་ཚེ་ནད་ཡམས་ཁྱབ་གདལ་བཀག་འགོག་ལ་ཕན་ཐོགས་ཆེན་པོ་ཡོད་པ་ར་འཕྲོད་བྱུང་ཡོད། དེ་མིན་སྤྱི་ཚོགས་ཁྱབ་གདལ་རིགས་དེ་སློབ་གྲྭ་ཚུགས་པ་དང་མི་མང་འདུ་འཛོམས་བྱས་པ་ལས་བྱུང་བ་ཡིན་དུས་ད་ལྟའི་ཛ་དྲག་གི་དུས་ཚོད་འདིར་མི་མང་འདུ་འཛོམས་རིགས་རྩ་ན་མ་གནང་ན་ལེགས་པའི་ལམ་སྟོན་ཞུ་རྒྱུ་ཡིན། དེ་ནས་མང་ཚོགས་ནང་དཀྲོག་གཏམ་རིགས་མང་པོ་ཞིག་སྤེལ་གྱི་འདུག་པས་དེ་རིགས་མ་སྤེལ་ན་ལེགས། འདི་དང་འབྲེལ་ནས་ད་ཆ་ཚ་བ་བརྟག་དཔྱད་ཀྱི་ཡོ་བྱད་ Infrared thermometer དེ་དཔྲལ་བའི་ཟུར་ལ་འཕར་རྩ་ཞིག་ཡོད་པ་དེར་བརྟག་དཔྱད་བྱེད་ནས་ལུས་པོའི་ཚ་ཚད་རྟོགས་ཐུབ་ཀྱི་ཡོད།

མང་ཚོགས་ནས་ཚ་ཚད་བརྟག་ཡས་འཕྲུལ་ཆས་དེས་གཟུགས་པོར་གནོད་ཀྱི་ཡོད་པས་ལག་པའི་མཁྲིག་རྩར་བརྟག་པ་སོགས་གནང་གི་འདུག་པས་འཕྲུལ་ཆས་དེས་ལུས་པར་གནོད་ཚབས་ཅིའང་བྱེད་ཀྱི་མེད་པས་མང་ཚོགས་ནང་གནས་ཚུལ་ཁུངས་ལྡན་མིན་པའི་དཀྲོག་གཏམ་རིགས་མ་སྤེལ་རོགས་ཞུ་བ་དང་ཆབས་ཅིག་མང་ཚོགས་གསན་མཁན་ངོས་ནས་ཀྱང་གལ་ཏེ་དོགས་འདྲི་ཡོད་ཚེ་ངེས་པར་ས་གནས་འཕྲོད་བསྟེན་སྨན་ཁང་ལ་བཀའ་འདྲི་ཞུ་ན་དེ་ནས་ཁུངས་ལྡན་གྱི་ལམ་སྟོན་གནང་ངེས་རེད། དེ་མིན་ཁུངས་ལྡན་མིན་པའི་གནས་ཚུལ་དང་དཀྲོག་གཏམ་རིགས་སྤེལ་ན་སྤྱི་ཚོགས་ནང་དཀའ་ངལ་དང་དངངས་ཚབ་སྐྱེ་རྒྱུའི་གཞི་ཆགས་ངེས་རེད། མཐའ་དོན་ཞུ་རྒྱུར། ས་གནས་ཁ་ཤས་ནང་སྨན་པ་གཅིག་དང་སྨན་ཞབས་ཁ་ཤས་ལས་མེད་པས་ས་གནས་སུ་ནད་པ་བརྒྱ་ལྷག་ཐོན་ཡོད། ད་དུང་མུ་མཐུད་ནས་ཐོན་གྱི་འདུག་པས་མང་ཚོགས་ནས་ས་གནས་ཀྱི་སྨན་པ་ལའང་ཐུགས་སྣང་དགོངས་བཞེས་གནང་རོགས། དོ་བདག་སྨན་པ་དེ་དོ་བདག་རེད་དེ་ལས་ལྷག་པ་ས་གནས་སུ་ལོ་ན་བགྲེས་པ་མང་པོ་ཡོད་རེད།

ཁོང་རྣམ་པར་དགོངས་པ་བཞེས་དགོས། སྨན་པར་དཀའ་ངལ་ག་ཚད་ཡོད་རེད། སྨན་ཞབས་པ་ཁ་ཤས་ལ་ཏོག་དབྱིབས་གཉན་རིམས་༡༩ ཕོག་ནས་དྲག་སྐྱེད་བྱུང་མ་ཐག་མུ་མཐུད་ནས་ནད་པའི་ཞབས་ཞུ་བསྒྲུབ་ཆེད་སྨན་ཁང་ནང་ལས་ཀ་བྱེད་དགོས་བྱུང་འདུག དེ་ཡིན་དུས་མང་ཚོགས་ནས་སོ་སོ་གཅིག་པུར་བསམ་བློ་མ་བཏང་བར་གཞིས་ཆགས་ནང་གི་མི་ཚང་མར་བསམ་བློ་གཏོང་ནས་བརྟག་དཔྱད་གང་མང་བྱེད་རོགས། ཕྱིར་དགོས་ངེས་ཅན་ཡིན་ན་མ་གཏོགས་མ་ཕེབས་རོགས་གནང་ཞེས་སླར་ཡང་འབོད་སྐུལ་ཞུས་པ་དང་བཅས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲངས་ཐེངས་ ༢༨དེ་མཇུག་སྒྲིལ་གནང་ཡོད། །