ཟླ་བ་ ༩ ཚེས ༢༢ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར།

 ༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། དེང་སྐབས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཆེ་ཆེར་འགྲོ་བཞིན་པའི་དུས་འདིར་བོད་པའི་སྤྱི་ཚོགས་ནང་དུའང་ད་བར་ཁྱོན་བོད་མི་གྲངས་ ༣༠༠ ཙམ་ལ་ནད་གཞི་དེ་ཕོག་ཡོད་པའི་ནང་ནས་རྒྱ་གར་བྱང་ཕྱོགས་རྡ་ས་ཁུལ་དུ་ཁྱོན་བོད་མི་གྲངས་ ༣ ལ་ནད་གཞི་དེ་ཕོག་ནས་ད་ཆ་གཙང་དྲག་བྱུང་ཡོད། འོན་ཀྱང་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྡ་ས་གངས་སྐྱིད་ར་བའི་ནང་ཡོད་པའི་ Canara Bank ཀེ་ན་ར་དངུལ་ཁང་གི་ལས་བྱེད་ཡུལ་མི་གཅིག་ལ་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པ་ར་འཕྲོད་བྱུང་བའི་གནས་ཚུལ་ཐོན་ཕྲལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དངུལ་ཁང་གི་ལས་བྱེད་ནད་གཞི་ཕོག་པ་དེ་ཉིད་དང་འབྲེལ་བ་བྱུང་བ་རྣམས་རྩད་གཅོད་བྱེད་ཕྱོགས་ཀྱི་ལམ་སྟོན་དང་འགེངས་ཤོག་བཅས་བཟོ་སྒྲིག་འགྲེམས་སྤེལ་གྱིས་ཁྱབ་ཁོངས་ལས་ཁུངས་དང་འབྲེལ་ཡོད་ཚོགས་པ་ཁག་བཅས་ལས་ཞིབ་ཕྲ་རྩད་གཅོད་ཞུས། 

དེ་ནས་ཕྱི་ཚེས་ ༡༧ ཉིན་སླར་ཡང་དངུལ་ཁང་དེའི་ནང་གི་ལས་བྱེད་ཡུལ་མི་གཞན་ཞིག་ལ་ཏོག་དབྱིབས་གཉན་རིམས་ཕོག་པ་ར་འཕྲོད་བྱུང་ཕྲལ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་དབུ་བཞུགས་ཐོག་ལས་དོན་ཚོགས་ཆུང་གི་ཚོགས་མི་ལྷན་འཛོམས་ཀྱིས་ཕྱི་ཚེས་ ༡༡ ཉིན་དངུལ་ཁང་ནང་དུ་ཕྱིན་པ་རྣམས་ཕྲལ་མར་རང་ཁྱིམ་དུ་ཟུར་བཀག་ནན་པོ་བཞུགས་དགོས་པའི་ལམ་སྟོན་དང་། ཉིན་འགྱངས་མ་སོང་བར་རྩད་གཅོད་བྱུང་མི་རྣམས་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱ་རྒྱུའི་བཀའ་བསྡུར་བྱུང་། 

དེ་བཞིན་གངས་སྐྱིད་ཉེ་འགྲམ་ Gambir Ganj གྲོང་གསེབ་ཏུ་སྒྲིག་འཛུགས་ཀྱི་ལས་ཤག་ཡོད་པ་དེ་ད་ཆ་ཀོ་ཝིཌ་གཅེས་སྐྱོང་ཁང་དུ་བསྒྱུར་ཆེད་མི་སྣ་དང་ཡོ་བྱད། བཟའ་ཅ་སོགས་སྔོན་ཚུད་ནས་གྲ་སྒྲིག་གནང་རྒྱུ། གཞན་ཡང་ནད་ཡམས་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་འདིར་མི་མང་ནས་སྔོན་འགོག་ཐབས་ལམ་མུ་མཐུད་བསྟེན་དགོས་པ་དང་། ལྷག་པར་ཁྲོམ་སོགས་མི་མང་འདུ་འཛོམས་ཆེ་ས་དང་། མཚན་ཚོགས་ཁང་། གཞན་ཡང་མེག་གྷན་སུམ་མདོའི་ཇུས་གཏོགས་རྐུབ་སྟེགས་ཐོག་མི་མང་པོ་འདུ་འཛོམས་གནང་གི་ཡོད་པ་རྣམས་མཚམས་འཇོག་དགོས་པ་བཅས་ཚོགས་འདུའི་ཐོག་ས་གནས་འགོ་འཛིན་མཉམ་ཞུགས་ཐོག་བཀའ་བསྡུར་བྱུང་ཡོད། 

ཀེ་ན་ར་དངུལ་ཁང་དང་འབྲེལ་བའི་རྩད་གཅོད་བྱུང་ཁོངས་ཉེན་ཚབས་ཆེ་བ་རྣམས་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་འགྲེམས་སྤེལ་ཞུས་པ་དང་། རྩད་གཅོད་བྱུང་ཁོངས་མི་གྲངས་ ༤༦ ལ་འདི་ཟླའི་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་འཕྲོད་བསྟེན་ལས་ཁུངས་མདུན་ཐང་དུ་འཕྲོད་བསྟེན་དྲུང་ཆེས་བྱེད་སྒོ་ལམ་སྟོན་གནང་རྗེས་བདེ་ལེགས་སྨན་ཁང་གི་སྨན་པ་དང་འབྲེལ་ཡོད་ལས་བྱེད་བཅས་ནས་བརྟག་དཔྱད་ (RT-PCR) གནང་བས་མི་གྲངས་ ༤༦ དེ་དག་ལ་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད། ཉེན་ཚབས་ཆུང་བའི་མི་ཚོགས་གཞན་ཁག་གཅིག་ལ་འདི་ཟླའི་ཚེས་ ༢༢ རེས་གཟའ་མིག་དམར་ཉིན་བརྟག་དཔྱད་བྱས་ཡོད། 

ད་ལྟ་གངས་སྐྱིད་ཁུལ་དུ་ནད་ཡམས་ཁྱབ་བརྡལ་གྱི་ཛ་དྲག་གནས་སྟངས་འདི་དང་འབྲེལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཁྱབ་ཁོངས་ལས་བྱེད་དང་འབྲེལ་ཡོད་ལས་མི་དང་ནང་མི་བཅས་ལ་དོན་ཚན་གསུམ་ཅན་གྱི་བཀོད་ཁྱབ་་གནང་ཡོད་པ་བཅས། །