གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༩ རེས་གཟའ་ཕུར་བུ།

 

༄༅། །འདི་གར་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ནས་ཟླ་ ༧ ཚེས་ ༨ བར་གྱི་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ལས་བསྡོམས་གཤམ་གསལ། 
༡༽ ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ནས་ད་བར་ས་གནས་ཀྱི་འགོག་དབྱེ་ཟུར་འཇོག་ཁང་དུ་མི་གྲངས་  ༡༦༧  བྱུང་བ་ནས་ན་ཚ་ཡོད་མེད་བརྟག་དཔྱད་བྱས་པ་མི་གྲངས་ ༨༢ ཡོད། ད་ལྟ་འགོག་དབྱེ་ཟུར་འཇོག་ཁང་དུ་མི་གྲངས་ ༣༥  ཡོད་པ་དང་རང་ཁྱིམ་ཟུར་སྡོད་ཐོག་ཡོད་མཁན་མི་གྲངས་ ༡༡ ཡོད།

 

༢༽ བར་སྐབས་ནས་ས་གནས་སུ་གཞིས་མི་ཕྱིར་ལོག་བྱ་མཁན་མང་བར་བརྟེན་སྔར་ཡོད་ཀྱི་ཟུར་སྡོད་ཁང་དུ་མ་ཤོང་བའི་བའི་དཀའ་ངལ་འཕྲད་པར་བརྟེན་བསྐྱར་དུ་མི་གྲངས་ ༢༠ ཤོང་ཚད་ཀྱི་ཟུར་སྡོད་ཁང་ཅིག་གྲ་སྒྲིག་གང་ལེགས་བྱས་ཡོད།

༣༽ དབུས་བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱོར་སྤྲོད་བྱུང་དོན་བཞིན་འདི་གའི་ཁྱབ་ཁོངས་མི་མང་ཡོངས་ལ་༸རྒྱལ་བའི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཁ་རས་འགྲེམས་སྤེལ་ཞུས་ཐུབ་ཡོད།

༤༽ ༸རྒྱལ་བའི་འཁྲུངས་སྐར་དང་བསྟུན་དཔལ་ལྡན་རྫོང་དཀར་ཆོས་སྡེ་གྲྭ་ཚང་ནས་ནད་ཡམས་སྔོན་འགོག་སླད་ས་གནས་འཕྲོད་བསྟེན་སྨན་ཁང་ལ་ PPE  གྲངས་ ༡༡༣ ཞལ་འདེབས་བྱུང་ཡོད།

༥༽ འདི་གཞིས་ཀྱི་གྲོང་སྡེ་སོ་སོ་ནས་བདུན་ཕྲག་གཅིག་ནང་དུག་སེལ་ཐེངས་གཅིག་རེ་གནང་བཞིན་ཡོད།
༦༽ འདི་ག་མཉམ་འབྲེལ་དྲུང་ཆེ་ཟླ་བ་ལགས་ཀྱི་ནང་མི་ནས་འདི་གཞིས་ཀྱི་སྤྱི་ས་དང་གཞུང་ལམ་ཁག་ལ་དུག་སེལ་བྱ་སླད་འཕྲུལ་ཆས་གསལ་ཉོ་སླད་ཧིན་སྒོར་ ༣༠༠༠༠ གནང་སོན་བྱུང་བཞིན་གསར་གཟིགས་ཀྱིས་བེད་སྤྱོད་བྱ་བཞིན་མཆིས།

༧༽ འདི་གཞིས་ཀྱི་ཡན་ལག་འཕྲོད་བསྟེན་སྨན་ཁང་གྱི་འགན་འཛིན་གཙོས་འབྲེལ་ཡོད་ཚང་མས་ལས་དོན་ཧུར་ཐག་གིས་འབྲེལ་ཡོད་རྒྱ་གར་ལས་ཁུངས་ཁག་ལ་འབྲེལ་གཏུགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ ནས་བཟུང་འདི་གཞིས་ཀྱིས་འགོག་དབྱེ་ཟུར་འཇོག་ཁང་ནི་ནད་རྟགས་ཡོད་མེད་རྟགས་དཔྱད་བྱ་སའི་ལྟེ་གནས་ ༼Swab test centre༽ བྱ་ཆོག་པའི་ཆོག་མཆན་ཐོབ་པ་སོང༌། དེ་ཉིན་ནས་བཟུང་བདུན་རེའི་ནང་མི་གྲངས་ ༤༠ ལ་བརྟག་དཔྱད་བྱས་ཏེ་ཧོན་སུར་གྲོང་སྡེ་གཞུང་གི་སྨན་ཁང་བརྒྱུད་མལ་སོར་རྫོང་གི་སྨན་ཁང་དུ་བརྟག་དཔྱད་སླད་གཏོང་ཆོག་གི་ཡོད་པ་བཅས། །