ཟླ་བ་ ༧ ཚེས ༣༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ ༡༩ ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅོ་བརྒྱད་པ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས། སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན། 

དང་པོ། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་ཀྱིས་མི་མང་ལ་འགོག་དབྱེ་ཟུར་འཇོག་དང་འབྲེལ་བའི་གསལ་བཤད་གནང་བའི་ནང་དོན་གཙོ་བོ་དེ་སྔ་ཕྱི་ཟླ་ལྔ་པ་དང་དྲུག་པའི་ནང་རྡ་ས་ཁུལ་དུ་ཕྱི་ནས་ཕེབས་མཁན་མི་གྲངས་མང་དུ་ཕྱིན་པའི་རྐྱེན་གྱིས་ས་གནས་སུ་འགོག་དབྱེ་ཟུར་འཇོག་ཁང་གསུམ་ཡོད་པའི་ནང་མི་མ་གཤོང་པའི་རྐྱེན་གྱིས་ཕྱི་མི་ཕེབས་མཁན་གང་ཞིག་སོ་སོའི་ནང་དུ་ཁང་མིག་དང་གསང་སྤྱོད་ཟུར་དུ་ཡོད་པའི་ཆ་རྐྱེན་ཚང་མིན་ས་གནས་འགོ་འཛིན་ནས་ཞིབ་རྩད་གནང་བའི་རྗེས་རང་ཁྱིམ་དུ་ཟུར་བཀག་ཏུ་གནས་བཞུགས་གནང་ཡོད་ཀྱང་། ད་ཆ་ཕྱི་མི་ཕེབས་མཁན་ཉུང་དུ་འགྲོ་ཡོད་ན་ཕྱི་མི་ཕེབས་མཁན་རྣམས་དབུས་སྣེ་ལེན་ཁང་དུ་ཟུར་འཇོག་གནང་གཏན་འཁེལ་ཡོད་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡིན་ཚེ་སོ་སོའི་ལས་ཁུངས་ཀྱི་དྲུང་ཆེ་བརྒྱུད་འཕྲོད་བསྟེན་ལས་ཁུངས་ནས་རྒྱབ་གཉེར་ཞུ་དགོས་པ་དང་། ས་གནས་མི་མང་རྣམས་ནས་ས་གནས་འགོ་འཛིན་ནས་རྒྱབ་གཉེར་ཞུས་པའི་ཐོག་འགོག་དབྱེ་ཟུར་འཇོག་ཁང་དུ་ངེས་པར་བཞུགས་དགོས་པ་ཡིན།

དོན་ཚན་གཉིས་པ། དེ་སྔ་མངའ་སྡེའི་གཞུང་ནས་ཕྱི་ནས་ཕེབས་མཁན་ཁོངས་ནས་ས་དམག་དང་། ཆུ་དམག གནམ་དམག་བཅས་གང་གི་དམག་མི་ཡིན་ཚེ་རང་ཁྱིམ་དུ་ཟུར་བཀག་ཏུ་བཞུགས་དགོས་པའི་ལམ་སྟོན་གསལ་བསྒྲགས་སྤེལ་བ་ལྟར་ཞུས་ཡོད་ཅིང་། ཁ་ཉིན་ཕྱི་ཚེས་ ༢༧ ཉིན་ཀངྒ་ར་རྫོང་ནས་གསལ་བསྒྲགས་སྤེལ་བའི་ནང་དམག་མི་སུ་ཡིན་ཡང་ཀངྒ་ར་རྫོང་ནང་འཛུལ་མཁན་རྣམས་ངེས་པར་ཚོགས་པའི་ཟུར་འཇོག་ཁང་དུ་བཞུགས་དགོས་པའི་གསལ་བསྒྲགས་སྤེལ་བ་ལྟར་འདི་ནས་དོ་ནན་ཞུ་གཏན་འཁེལ་ཡོད། ས་གནས་གཞིས་ཆགས་ཁག་ཏུ་དེ་སྔ་ནས་ཕྱི་ནས་དམག་མི་ཕེབས་མཁན་རྣམས་ཟུར་འཇོག་ཁང་དུ་བཞུགས་འདུག་པ་དེ་མུ་མཐུད་ནས་གནང་དགོས་པའི་ལམ་སྟོན་གནང་ཡོད།

སྤྱི་ཡོངས་ནས་མི་མང་ལ་ཞུ་རྒྱུ་གནད་དོན་ནི། དེང་སྒོ་རྒྱ་ཕྱེ་ནས་གུ་ཡངས་སུ་འགྲོ་བའི་དུས་སུ་མི་མང་དང་། ལྷག་པར་གཞོན་སྐྱེས་དང་སློབ་ཕྲུག་མང་པོ་ཞིག་གཟའ་མཇུག་སྐབས་ཆུ་ཁ་དང་། དེ་བཞིན་ཕྱིར་སྤྲོ་འཆམ་ལ་ཕེབས་མཁན་མང་པོ་འདུག་པས་དེ་རིགས་ད་ལྟའི་དུས་སུ་མ་གནང་བའི་ནན་སྐུལ་ཞུས་ཡོད། གཞན་ཡང་བོད་མིའི་གཞིས་ཆགས་སུ་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ཟུར་འཇོག་ཁང་གྲ་སྒྲིག་གནང་ཡོད་ཅིང་དེར་གཟིགས་རྟོགས་འགན་འཁྲི་གནང་མཁན་རྣམས་ལ་གཞི་རྩའི་ཕྱག་ལས་མང་པོ་ཡོད་པའི་སྟེང་ས་གནས་ལ་མི་འདྲ་མིན་དང་བསམ་ཚུལ་འདྲ་མིན་ཡོང་བཞིན་མི་ཚང་མའི་འདོད་པ་བསྐོང་ཐུབ་རྒྱུ་དཀའ་ཡང་ང་ཚོའི་ངོས་ནས་མུ་མཐུད་ཧུར་བསྐྱེད་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། ད་ཆ་ང་ཚོར་སྤོབས་པ་སྐྱེས་འོས་པ་གཅིག་ལ་ད་བར་བོད་མིའི་གཞིས་ཆགས་ཁག་ནང་གཉན་རིམས་འདིའི་ནད་འབུ་ཡོད་པ་ར་འཕྲོད་བྱུང་བ་མང་ཆེ་བ་ཟུར་འཇོག་ཁང་ནས་ཐོན་ཡོད་པས་འདིས་གཞིས་ཆགས་ནང་གི་མི་རྣམས་ལ་ཁྱབ་གདལ་མ་ཕྱིན་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་ཚང་མས་འདིའི་ཐོག་འགན་འཁུར་དོ་ནན་གནང་དགོས་པ་དང་། ཟུར་འཇོག་ཁང་དུ་བཞུགས་མཁན་རྣམས་ནས་ཀྱང་བྱེད་འོས་པ་དང་མི་འོས་ཀྱི་སྒྲིག་གཞི་ཡོད་པ་ལྟར་ཕྱག་བསྟར་གནང་རོགས།

ཕྱི་མི་ཕེབས་མཁན་ཁག་ཅིག་ས་གནས་འགོ་འཛིན་དང་འབྲེལ་ཡོད་ལ་སྔོན་ཚུད་ནས་བརྡ་ལན་གང་ཡང་མེད་པར་ཕེབས་ནས་ཟུར་འཇོག་ཁང་གང་དུ་འགྲོ་དགོས་མེད་བཀའ་འདྲི་གནང་མཁན་འདུག དེ་བཞིན་ཁག་ཅིག་ས་གནས་སུ་བརྡ་ལན་ཅིའང་མེད་པར་ཁ་ཁུ་སིམ་སིམ་ས་གནས་ནང་འཛུལ་མཁན་འདུག་པས་དེ་རིགས་རྩ་བ་ནས་མ་གནང་རོགས། སྔོན་ཚུད་ནས་འབྲེལ་ཡོད་ས་གནས་འགོ་འཛིན་དང་ལས་ཁུངས། དེ་བཞིན་ཛ་དྲག་ལས་དོན་ཚོགས་ཆུང་ལ་འབྲེལ་བ་གནང་ནས་ངེས་པར་དུ་ཟུར་འཇོག་ཁང་ནང་བཞུགས་དགོས་པའི་ནན་སྐུལ་དང་སྦྲགས་ས་གནས་ཁ་ཐོར་མ་གཏོགས་དེ་མིན་གཞིས་ཆགས་ཁག་དུ་འཛུལ་སྒོའི་རྒྱལ་སྒོ་ནས་ཕྱི་མི་ཕེབས་མཁན་རྣམས་ལ་དོ་དམ་དམ་བསྒྲགས་གནང་བཞིན་ཡོད་པ་དེ་མུ་མཐུད་གནང་རོགས།

མཐའ་དོན་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་གི་དུས་ཚོད་འདིར་མི་རེ་ངོ་རེ་ངོས་ནས་འགན་འཁུར་གཟབ་གཟབ་གནང་དགོས་པ་དང་། ཡང་སོ་སོར་ནད་རྟགས་མངོན་པ་རིགས་འབྱུང་ཚེ་སྦས་གསང་མ་གནང་བར་སྔོན་ཚུད་ནས་སྨན་པར་འབྲེལ་གཏུགས་གནང་རྒྱུས་གཙོས་ནད་ཡམས་ཁྱབ་གདལ་བཀག་འགོག་དང་སྔོན་འགོག་གི་ཐབས་ལམ་རྣམས་ངེས་པར་དུ་གནང་དགོས་པའི་ནན་སྐུལ་ཞུས་གནང་ཡོད།  

གཉིས་པ། ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འགྲེལ་བརྗོད་གནང་དོན། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ བྱུང་ཡོད། དེ་ཡང་རྡ་ས་ཁུལ་ནས་མི་ ༡ ༼སྐྱེས་པ་རང་ལོ་༢༥༽ ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་འདུག་ཅིང་ཁོང་ཉིད་ལ་དམིགས་བསལ་ནད་རྟགས་གང་ཡང་མིན་འདུག་ལ་ད་ཆ་ཡོལ་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས་ཞུ། དེ་ནས་ལ་དྭགས་ཁུལ་ནས་མི་གྲངས་ ༢ ༼བུད་མེད་རང་ལོ་ ༤༠ བུད་མེད་རང་ལོ་ ༥༠༽ ཁོང་གཉིས་ལ་ཆ་བཞག་ན་སྨན་ཁང་ལ་ནད་གཡོག་རྒྱུག་ཏུ་ཕྱིན་པ་ལས་ནད་འགོས་པའི་གནས་ཚུལ་འདུག་ལ་ཁོང་གཉིས་ཀར་ནད་གཞི་ར་འཕྲོད་བྱུང་བ་ལས་དམིགས་བསལ་ནད་རྟགས་གང་ཡང་མེད་ཅིང་ད་ཆ་ས་གནས་ཀྱི་ SNM སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས།

དེ་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་གྲངས་ ༡ ༼སྐྱེས་པ་རང་ལོ་ ༤༧༽ ཁོང་རང་ལ་ད་ལྟའི་གཉན་རིམས་ཀྱི་དམིགས་བསལ་ནད་རྟགས་མེད་ཀྱང་བླ་གཉན་གྱི་ནད་གཞི་ཡོད་པས་ད་ཆ་མོན་གྷོ་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས་ཞུ། ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་ ༧༠ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཞིང་མི་གྲངས་ ༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་ ༦༠ དྲག་སྐྱེད་བྱུང་ཡོད། ད་ཆ་མི་གྲངས་ ༨ ནད་མནར་བཞིན་པའི་གནས་སྟངས་ཞུ།

ད་བར་ནད་གཞི་ཕོག་པའི་མི་གྲངས་ ༦༦ ལས་དགུང་ལོ་བགྲེས་ཤོས་དེ་ ༨༣།༨༢།༧༨ དང་། དགུང་ལོ་ཆུང་ཤོས་དེ་ ༣།༡༢།༡༩ གཞན་རྣམས་རང་ལོ་ ༢༡ ནས་རང་ལོ་ ༦༨ བར་ཡིན་འདུག ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་རྒྱུ་དང་། དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་རིགས་གནང་ཐུབ་པ་བྱུང་ཡོད།

འདས་པའི་བདུན་ཕྲག་གཅིག་གི་ནང་དབུས་དང་ས་གནས་ཀྱི་ལས་དོན་ཚོགས་ཆུང་གི་གྲུབ་ཐོན་ཞུ་རྒྱུར། དང་པོ་འགོག་དབྱེ་ཟུར་འཇོག་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་ལེན་བྱུང་བ་གཞིར་བཟུང་བདུན་ཕྲག་འདིའི་ནང་རྒྱ་གར་ནང་ས་གནས་གྲངས་ ༣༠ དང་། བལ་ཡུལ་ནང་ས་གནས་གྲངས་ ༣ བཅསནང་ཁྱོན་བོད་མི་གྲངས་ ༥༡༩ ཏེ་མི་གྲངས་ ༣༠༢ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་། མི་གྲངས་ ༢༡༧ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་ ༦༡ འགོག་དབྱེ་ཟུར་བཀག་ཏུ་བཞུགས་བཞིན་པའི་གནས་སྟངས་ཞུས། 

གཉིས་པ་དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་གནང་ཐད་རྡ་ས་ཁུལ་དུ་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་ ༡༩༡༨ ༼སྒྲིག་འཛུགས་ལས་བྱེད་གྲངས་ ༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་ ༣༡༣ གནས་ཆུང་གྲ་ཚང་། ༨༠ དགའ་གདོང་གྲ་ཚང་། ༡༣ བོད་ཀྱི་དཔེ་མཛོད་ཁང་། ༥༤ བོད་ཀྱི་སྨན་རྩིས་ཁང་། ༣༨༦ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་ ༧༣ གངས་སྐྱིད་རྒྱལ་སྒོ་ནས་འཛུལ་མཁན་མི་གྲངས་ ༤༧༥༽ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོས་འགན་འཁུར་གནང་བའི་ཐོག་བརྟག་ཞིབ་གནང་ཡོད་ལ་དེའི་ནང་དམིགས་བསལ་ནད་རྟགས་ཐོན་པ་སུའང་བྱུང་མེད།

གཞན་ཡས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ས་གནས་གྲངས་ ༣༣ བལ་ཡུལ་ནང་ས་གནས་ ༡ བཅས་ཁྱོན་མི་གྲངས་ ༧༥༢༠ ལ་ ༼ ལོ་ན་ ༦༠ ཡན་མི་གྲངས་  ༥༧༩༣ ཉེན་ཚབས་ཆེ་བ་མི་གྲངས་  ༡༧༢༧ ༽ ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་རྒྱ་གར་ནང་གི་ས་གནས་ཁག་ ༢༢ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་ ༡༣༤༤ དང་། རྒྱ་གར་ནང་ས་གནས་ཁག་ ༣༩  དང་། བལ་ཡུལ་ནང་བཅས་ནང་ལོ་ན་ ༦༥ ཡན་བོད་མི་གྲངས་༩༥༡༣ ཕྱི་རྒྱལ་དུ་བཏང་ཟིན་པ་བསྡོམས་ ༦༧༦ ༼ བདུན་ཕྲག་འདིའི་ནང་སུད་སིར་གྲངས་ ༢༧༠ ༽ གཞན་ཡང་འཕྲོད་ལས་པ་དང་དངས་ཞབས་གྲངས་ ༤༦༤ བླ་གཉན་ནད་གཞི་ཡོད་པ་མི་གྲངས་ ༤༥༧ བཅས་ཁྱོན་ད་བར་མི་གྲངས་ ༡༢༤༡༦ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་ཕུལ་ཟིན།

གཞན་ཡང་ས་གནས་ཁག་ལ་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་ལས་དོན་སྤེལ་བའི་ཁོངས་སུ། ས་གནས་ཕལ་མོ་ཆེར་བདུན་ཕྲག་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད་པ་དང་། བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་ ༡༡༣ ༼ཕྱི་ཚེས་༢༣ ལ་མི་༢༠ ཚེས་ ༢༧ ཉིན་མི་གྲངས་ ༥༧ ཚེས་ ༢༧ ཉིན་མི་གྲངས་ ༢༥ ད་ཉིན་ཚེས་ ༣༠ ལ་མི་ ༡༡ བཅས་ཁྱོན་མི་གྲངས་ ༡༡༣༽ དེའི་ནང་ནས་མི་ ༡ ལ་ནད་འབུ་ཡོད་པ་ཐོན་པ་དང་། ད་ཉིན་མི་གྲངས་༡༡ ཀྱི་བརྟག་དཔྱད་གྲུབ་འབྲས་ཐོན་རྒྱུ་ཡིན་པ་རེད།

དེ་བཞིན་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་ ༢༥ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་གྲངས་༣༤༥ ལ་ཞལ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུས་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད་པ་དང་། དེ་བཞིན་ནད་གཞི་ཕོག་པའི་མི་གྲངས་བཞི་ཀ་ལ་ཞལ་པར་བརྒྱུད་འབྲེལ་འདྲིས་གནང་ཐུབ་འདུག 

གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཚུལ་དུ་ཞུ་རྒྱུར། བདུན་ཕྲག་འདིའི་ནང་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ནས་སྒོ་རྒྱ་རིམ་པ་གསུམ་པ་ཕྱེ་བའི་ཡོངས་ཁྱབ་གསལ་བསྒྲགས་གནང་བའི་དོན་ཚན་རྣམས་འགྲེལ་བརྗོད་གནང་ཡོད། ཞིབ་ཕྲ་རྒྱ་གར་དབུས་གཞུང་གི་གཞུང་འབྲེལ་དྲ་རྒྱ་འདིའི་ཐོག་ https://static.mygov.in/rest/s3fs-public/mygov_159603117951307401.pdf གཟིགས་ཐུབ།

དེ་དང་འབྲེལ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གཞུང་ནང་གཉན་རིམས་སྤྱིའི་རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་གསུངས་པ་ལས་སྐབས་སུ་བབ་ཏོག་དབྱིབས་གཉན་རིམས་ ༡༩ འདི་བཞིན་ཕྱིའི་འཇུག་སྒོ་དྲུག་སྟེ་ཁ་མིག་སྣ་རྣ་བ་ཆུ་སོ་དང་བཤང་ལམ་བཅས་དྲུག་ལས་ཁ་དང་སྣ་གཉིས་ནི་བརྒྱུད་ལམ་ལམ་འཇུག་སྒོ་གཙོ་བོ་དེ་ཆགས་ཀྱི་ཡོད་པས་ཁ་དང་སྣ་གཉིས་ཀྱི་བུ་ག་ངེས་པར་བསྡམ་པ་སྟེ་ཁ་དང་སྣར་འགེབ་བྱེད་ཁ་རས་གྱོན་དགོས་པ་ཤིན་ཏུ་གལ་ཆེ་བས་ཚང་མས་སྔོན་འགོག་ཐབས་ལམ་ཡག་ཤོས་ཁ་རས་གྱོན་དགོས་པ་དང་། དེ་བཞིན་མི་དང་མིའི་དབར་རྒྱང་ཐག་འཇོག་དགོས་པ། ལག་པ་ཡང་ཡང་འཁྲུ་དགོས་པ་སོགས་ངེས་པར་གནང་དགོས། དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ཀྱིས་ཉེ་ཆར་རྒྱ་གར་དབུས་གཞུང་ནས་ཁ་རས་ N-95 དབུགས་འགྲོའི་བུ་ག་ཡོད་པ་དེ་མི་མང་དཀྱུས་མས་གྱོན་མི་ཉན་པར་གདམས་པའི་གསལ་བསྒྲགས་སྤེལ་བ་རྣམས་གསལ་བཤད་ཞུས།

དེ་ནི་གཙོ་བོ་ N-95 ཁ་རས་དེ་ཕྱི་ནས་རླུང་ལེན་པའི་སྐབས་གཉན་སྲིན་སོགས་ཕྱི་ནས་ཡོང་མ་ཐུབ་པར་སྲུང་སྐྱོབ་བྱེད་ཐུབ་ཀྱང་སོ་སོ་རང་ཉིད་ལ་ནད་འབུའམ་གཉན་སྲིན་ཡོད་ཚེ་དེ་དབུགས་ཕྱིར་གཏོང་བའི་སྐབས་ཕྱིར་ཐོན་གྱི་ཡོད་པས་དེས་ཉེ་འཁོར་མི་གཞན་ལ་འགོས་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་མི་མང་དཀྱུས་མས་སོ་སོའི་ནང་ལ་རས་ཆས་བཟོས་པའི་ཁ་རས་དང་། ཡང་སྨན་ཁང་ནང་སྨན་ཞབས་པས་གཤག་ལས་སྐབས་བེད་སྤྱོད་བྱེད་བཞིན་པའི་ཁ་རས་དེ་གྱོན་དགོས་པའི་ལམ་སྟོན་དང་། དེ་བཞིན་ཁ་རས་གྱོན་སྟངས་དང་ཕུད་སྟངས། ཁ་རས་བསྐྱར་དུ་བེད་སྤྱོད་ཆོག་མིན་སོགས་ལམ་སྟོན་ཞིབ་ཕྲ་གནང་།

མཐའ་དོན་གཉན་རིམས་ནད་གཞི་འདི་དང་འབྲེལ་འཛམ་གླིང་ནང་མི་མང་པོ་ཞིག་རྡོ་ཐ་ལས་གྲུབ་པའི་ཐ་མ་ཁ་དུ་བ་འཐེན་བཞིན་ཡོད་པས་དེ་ནི་ནད་ཡམས་འདི་དང་ཐད་ཀར་འབྲེལ་བ་ཡོད་ལ་ཐ་མ་ཁའི་དུ་བས་གཟུགས་པོའི་ནང་གི་གློ་བར་གནོད་ཚབས་ཆེན་པོ་བྱེད་ཀྱི་ཡོད་ཅིང་དེས་གཟུགས་པོའི་ལུས་ཟུངས་ཀྱི་ནུས་པ་ཉམས་པར་བྱེད་ནས་ནད་འགོག་སྲུང་སྐྱོབ་མ་ལག་གི་ནུས་པ་ཞན་དུ་བཏང་ནས་ད་ལྟའི་གཉན་རིམས་འདི་ལྟ་བུར་འཐབ་པར་འགོག་རྐྱེན་བྱེད་ཀྱི་ཡོད། ཐ་མ་ཁ་འཐེན་མཁན་མི་རྣམས་ལ་གཉན་རིམས་འདི་འགོས་ཉེན་ཆེ་བ་ཡོད་ལ་ནད་དེ་འགོས་པའི་རྗེས་སུ་གློ་བར་ཕོག་ཐུག་གིས་ཉེན་ཚབས་ཀྱང་ཞེ་དྲག་ཆེ་བ་ཡོད་པས་རྡོ་ཐ་ལས་གྲུབ་པའི་ཐ་མ་ཁའི་རིགས་རྩ་ནས་སྤོང་ཐབས་གནང་དགོས་པའི་རེ་སྐུལ་ཞུས་གནང་ཡོད།

འདི་འབྲེལ་རྒྱ་གར་དབུས་གཞུང་ནས་ལམ་སྟོན་སྤེལ་བ་དེ་དྲ་ཐག་འདིའི་https://www.mohfw.gov.in/pdf/COVID19PandemicandTobaccoUseinIndia.pdf ཐོག་གཟིགས་ཀློག་ཐུབ་ཀྱི་ཡོད་པ་གསུངས་ནས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༡༨ པ་དེ་མཇུག་སྒྲིལ་གནང་ཡོད། །