ཟླ་བ་ ༦ ཚེས ༢༨ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༦ ཚེས་ ༢༨ རེས་གཟའ་པ་སངས།

 

༄༅། །ནོར་ཝེ་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ས་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་ནས་ཡིན་པའི་བོད་མི་ ༢༡ ལ་ཁྲིམས་ཐག་བཅད་ཡོད་པ་དང་དེའི་ཁྲོད་ནས་བོད་མི་གཉིས་ནི་གྲོང་སྡེ་རིམ་པའི་འགོ་ཁྲིད་ཟུར་པ་རེད་འདུག

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་རྒྱ་གཞུང་གིས་བོད་མི་ཉེར་གཅིག་ལ་བསྙོན་འཛུགས་བྱས་ཏེ་ནག་ཚོགས་རྩ་འཛུགས་བྱས་པ་དང་། སྡེ་མིའི་ལས་དོན་ལ་ཁ་ལོ་བསྒྱུར་ནས་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གཏོར་བརླག་བཏང་བ་སོགས་ཀྱི་མིང་ཐོག་ནས་བོད་མི་ཉེར་གཅིག་འཛིན་བཟུང་བྱས་པ་དག་ལ་ཚོགས་ཁག་གཉིས་བྱས་ཏེ་ཁྲིམས་ཐག་དང་ཆད་པ་བཅད་འདུག

མི་བཅུ་གཅིག་ཅན་གྱི་ཚོགས་པ་དེར་རྒྱ་སྒོར་ཁྲི་གཅིག་ནས་ཁྲི་ལྔ་བར་གྱི་ཉེས་ཆད་བཅད་པ་སྦྲགས་ཏེ་ལོ་གཉིས་ནས་དྲུག་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག མི་བཅུ་ཅན་གྱི་ཚོགས་པར་ལོ་གསུམ་དང་ཕྱེད་ཀ་ནས་དྲུག་གི་ཁྲིམས་ཐག་བཅད་དེ་རྒྱ་སྒོར་འབུམ་གསུམ་དང་ཕྱེད་ཀ་ནས་འབུམ་གཉིས་ཀྱི་ཆད་པ་བཅད་འདུག

གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་བཅར་འདྲི་ཞུས་པར་ཐེངས་འདིར་རྒྱ་ནག་གིས་འཛིན་བཟུང་བྱས་པའི་བོད་མི་དེ་དག་ནི་ནང་ཆེན་རྫོང་ཤོར་མདའ་གྲོང་རྡལ་རྡོ་ཁྲང་སྡེ་བ་ནས་ཡིན་པ་དང་། རྒྱ་ནག་གིས་ཁོང་རྣམས་འཛིན་བཟུང་བྱེད་དོན་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རྒྱ་ཁབ་ཀྱི་རྩ་འཛུགས་ལ་འགོག་རྒོལ་བྱས་ལུགས་བརྗོད་སྐོར་ངོ་སྤྲོད་གནང་སོང་།

དེ་བཞིན་ཁོང་གིས་ནག་སེལ་གཤེད་བཅོམ་ཟེར་བ་དེ་ནི་རྒྱ་ནག་གིས་ཆབ་སྲིད་ཀྱི་དམིགས་འབེན་གསལ་པོ་ཡོད་པའི་ཐོག་ནས་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ཤིག་ཡིན་པ་དང་། སྲིད་བྱུས་དེའི་འོག་ཏུ་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ཀྱིས་མཚོན་པའི་བརྗོད་བྱ་མང་པོ་ཞིག་ཡོད་སྟབས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ལྟ་སྤྱོད་དང་མི་མཐུན་པ་རྣམས་འཇུ་ཆོག་ཆོག་བྱས་ནས་སྲིད་བྱུས་དེ་ལག་བསྟར་བྱེད་ཀྱི་ཡོད་པ་གསུངས་ཡོད།

རྩ་བའི་རྒྱ་ནག་གིས་ནག་སེལ་གཤེད་བཅོམ་གྱི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་བོད་ཁུལ་དུ་ཞིང་འབྲོག་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་ཐེབས་བཞིན་པ་མ་ཟད། བཙོན་འཇུག་ཀྱང་བྱེད་ཀྱི་ཡོད་པའི་ཁྲོད་ནས་འདི་ལོའི་ཕྱི་ཟླ་ ༤ ནང་རེབ་གོང་རྫོང་དུ་ཐེངས་དང་པོར་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ནས་ཡུལ་མིའི་དགུ་བཙོན་འཇུག་བྱས་པ་ལྟར། ཐེངས་འདིར་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གཉིས་ཀྱི་མི་ཉེར་གཅིག་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།དེ་བཞིན་རྔ་བ་རྫོང་གི་ཆུང་མཆུ་ས་ཁུལ་དུ་ཡང་བོད་མི་ཁག་གཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་པར་བརྟེན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཉེས་མེད་བཙོན་འཇུག་ཐེབས་མཁན་ཚོའི་བདེ་འཇགས་ཐད་ལ་བློ་འཚབ་བྱེད་བཞིན་ཡོད་པ་དང་།  ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དུ་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་མུས་ཡིན་པའི་ཐད་ལ་འཕྲལ་དུ་རྟོག་ཞིབ་བྱེད་དགོས་པར་མ་ཟད། རྒྱ་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་བོད་ནང་གཞི་རྒྱ་ཆེ་བའི་དོགས་ཟོན་མྱུལ་ཞིབ་རིགས་ཚང་མ་མཚམས་འཇོག་དགོས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་དུ་མ་ཉེས་ཁག་གཡོག་ཐེབས་པའི་བོད་མི་ཚོར་ཆ་རྐྱེན་གང་ཡང་མེད་པར་མྱུར་དུ་གློད་བཀྲོལ་དགོས་པ་བརྗོད་འདུག པར་རྣམས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་།

 

Share with your friends










Submit