ཟླ་བ་ ༥ ཚེས ༡༤ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༥ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་  Tom Lantos Human Rights Commission གི་ཚོགས་གཞོན།  གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་དང་།  གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་སི་མིཐ་ Christopher H. Smith མཆོག་གིས་ཆབ་སྲིད་ཚོགས་པ་ཐུན་མོང་གི་ཞུ་སྙན་ཞིག་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡིག་པོམ་པིའོ་ Mike Pompeo མཆོག་ལ་ཕུལ་འདུག  ཞུ་སྙན་དེ་ནི་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐག་གཅོད་གནང་བའི་སྲིད་བྱུས་ཁག་གཅིག་ཁྲིམས་མཐུན་གཏན་འབེབས་ཟིན་པར་བརྟེན། ད་ཆ་སྲིད་འཛིན་ཌོ་ནལ་ཊམ་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་གཞུང་གིས་ལག་བསྟར་གནང་དགོས་པའི་རེ་འདུན་གནང་བ་ཞིག་ཡིན་འདུག 

ཞུ་སྙན་དེ་འདྲ་ཞིག་འབུལ་དགོས་པ་ནི། བོད་ནང་རྒྱ་ནག་གཞུང་གིས་འཛེམ་ཟོན་རྩ་བ་ནས་མེད་པར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པར་བརྟེན། ཨ་རིའི་གྲོས་ཚོགས་ཀྱིས་དེ་སྔ་བོད་དོན་སྲིད་བྱུས་ ༢༠༠༢ ཞེས་པ་དང་། ཕྱི་ལོ་  ༢༠༡༨ ལོར་བོད་ནང་འགྲོ་འོང་ཆོག་པའི་གྲོས་ཆོད་ད་ཆ་ཁྲིམས་མཐུན་གཏན་འབེབས་ཆགས་པ་དེ་དག་ཨ་རིའི་གཞུང་གིས་གདེངས་སྤོབས་ཆེན་པོས་ལག་བསྟར་དོན་འཁྱོལ་གནང་དགོས་པའི་སྐོར་ཡིན་འདུག  ཞུ་སྙན་དེར་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ནས་གྲོས་ཚོགས་འཐུས་མི་ ༣༢ མཚན་རྟགས་བཀོད་གནང་འདུག 

དེ་ཡང་ཨ་རིའི་གྲོས་ཚོགས་ནང་དུ་ཕྱི་ལོ་ ༢༠༠༢ ལོར་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ཕྱི་ལོ་ ༢༠༠༢ ཞེས་པ་གཏན་འབེབས་གནང་བ་དང་།  གྲོས་ཆོད་དེ་ཁྲིམས་སུ་གཏན་འབེབས་བྱུང་ཟིན་སྟབས་སྲིད་གཞུང་གིས་ལག་བསྟར་གནང་དགོས་པ་ཞིག་ཡིན་འདུག སྤྱིར་གྲོས་ཆོད་དེའི་ནང་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་རེ་འདུན་གནང་དགོས་པ་སོགས་འཁོད་ཡོད།  བོད་ནང་འགྲོ་འོང་གི་ཐོབ་ཐང་དགོས་པའི་གྲོས་ཆོད་དེ་ནི་ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གྲོས་ཚོགས་ནང་ཁྲིམས་མཐུན་གཏན་འབེབས་གནང་ཟིན་པ་དང་། དེ་ལྟར་ན་བོད་ནང་ཨ་རིའི་མི་སེར་སུ་འདྲ་ཞིག་འགྲོ་འོང་གི་རང་དབང་ལ་རྒྱ་ནག་གཞུང་ཚབ་ཁང་སོགས་ནས་དམ་བསྒྲགས་བྱས་པ་ཡིན་ན་འབྲེལ་ཡོད་མི་སྣ་སུ་ཡིན་རུང་ཨ་རིའི་ནང་རང་དབང་ཐོག་འགྲོ་སྐྱོད་ལ་དེ་མཚུངས་དམ་བསྒྲགས་བྱ་རྒྱུ་ཡིན་པ་ཁྲིམས་སུ་བཅའ་ཡོད། 

དེ་ཡང་སྐུ་ཞབས་ཇིམ་མེག་གྷོ་ཝན་Jim McGovern མཆོག་གསུ་གསུང་དོན། “ཨ་རིའི་གཞུང་གིས་རྒྱ་ནག་དང་འབྲེལ་བ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་ལངས་ཕྱོགས་སྲ་བརྟན་རྒྱུན་སྐྱོང་གནང་དགོས། ད་ཆ་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཐུན་མོང་གི་གྲོས་ཚོགས་འཐུས་མིའི་ཁྲོད་བོད་ནང་གི་གནས་སྟངས་ཐད་སེམས་འཚབ་གནང་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེར་བརྟེན་ང་ཚོས་ཐེངས་འདིར་ཨ་རིའི་སྲིད་འཛིན་མཆོག་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ལ་གྲོས་ཚོགས་ནང་གཏན་འབེབས་གནང་ཟིན་པའི་བོད་དོན་རྒྱབ་སྐྱོར་གྲོས་ཆོད་ ༢༠༠༢ ཞེས་པ་དང་།  ཕྱི་ལོ་ ༢༠༡༨ ལོར་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་ཆོད་གཏན་འབེབས་གནང་བ་དེ་དག་ད་ཆ་སྲིད་གཞུང་ནས་ལག་བསྟར་གནང་རོགས་ཞེས་རེ་འདུན་བཏོན་པ་ཡིན། “ཞེས་གསུངས། 

ཕྱོགས་མཚུངས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཁི་རི་སི་ཊོ་ཕར་སི་མིཐ་ Christopher H. Smith མཆོག་གིས་གསུང་དོན།  “ཨ་རིའི་གྲོས་ཚོགས་འཐུས་མི་དང་གཞུང་འཛིན་མི་སྣ་ཚོས་བོད་མིའི་མངོན་འདོད་ལྟར་རང་སྐྱོང་གི་གནས་བབ་ཐོབ་སླད་རྒྱབ་སྐྱོར་གནང་དགོས། “ཞེས་སོགས་གསུངས།

དེ་ཡང་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ Tom Lantos Human Rights Commission ཞེས་པ་དེ་ནི་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་སྤྱི་མོས་ཐོག་ནས་བཙུགས་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཡིན་འདུག  དེའི་དགོས་དམིགས་གཙོ་བོ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་ཆེད་དུ་བཙུགས་པ་ཞིག་ཡིན་འདུག  ཚོགས་ཆུང་ངོས་ནས་མང་ཚོགས་ཁྲོད་གོ་རྟོགས་ལས་འགུལ་སྤེལ་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གི་མཁས་དབང་ཁག་གདན་ཞུས་གོ་རྟོགས་ལས་འགུལ་སྤེལ་བ། དེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་གནང་དགོས་པའི་བརྒྱུད་སྐུལ་སོགས་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་ཡིན་འདུག 

ཞུ་སྙན་སྟེང་རྒྱབ་སྐྱོར་གྱི་མཚན་རྟགས་འགོད་མཁན་གྲོས་ཚོགས་འཐུས་མི་ ༣༢ མཚན་གཞུང་། 

 

1. James McGovern (D-Mass)
2. Christopher H. Smith (R-NJ)
3. Eliot L. Engel (D-NY)
4. Ted S. Yoho (R-Fla.)
5. Nita M. Lowey (D-NY)
6. Steve Chabot (R-Ohio)
7. Jamie Raskin (D-Md.)
8. Dan Crenshaw (R-Tex.)
9. Eleanor Holmes Norton (D-DC)
10. Denver Lee Riggleman III (R-Va.)
11. Donald S. Beyer, Jr. (D-Va.)
12. Scott Perry (R-Pa.)
13. Jan Schakowsky (D-Ill.)
14. John Ratcliffe (R-Tex.)
15. Mark DeSaulnier (D-Calif.)
16. Chellie Pingree (D-Maine)
17. Earl Blumenauer (D-Ore.)
18. John Garamendi (D-Calif.)
19. Mark Pocan (D-Wis.)
20. Alan S. Lowenthal (D-Calif.)
21. Peter Welch (D-Vt.)
22. Peter A. DeFazio (D-Ore.)
23. Pramila Jayapal (D-Wash.)
24. Albio Sires (D-NJ)
25. Steve Cohen (D-Tenn.)
26. Veronica Escobar (D-Tex.)
27. Ben McAdams (D-Utah)
28. John A. Yarmuth (D-Ky.)
29. Susan Wild (D-Pa.)
30. Thomas R. Suozzi (D-NY)
31. Betty McCollum (D-Minn.)
32. Tom Malinowski (D-NJ)

Share with your friends










Submit