ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་ཀྱིས་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ Club House ཞེས་པའི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་ ༦༠ བརྒལ་བར་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་།
དེ་ཡང་ཐོག་མར་ཕྱི་དྲིལ་དྲུང་འཕར་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་དོན། དེ་རིང་འདིར་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་དགོས་དོན་ནི། དམིགས་བསལ་ཚོགས་ཆེན་སྐོར་ཡིན། དམིགས་བསལ་ཚོགས་ཆེན་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་འཚོགས་གནང་རྒྱུ་རེད། དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་ནི་ལྔ་དང་ལྔ་བཅུ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་བཅས་ཀྱི་སྐོར་ཡིན།
བརྗོད་གཞི་འདི་གཉིས་འཇོག་དགོས་དོན་ནི། འདིའི་སྔོན་ལ་ལྔ་དང་ལྔ་བཅུའི་ཐོག་ཚོགས་འདུ་གསུམ་ཚོགས་ཟིན་པ་རེད། ཚོགས་འདུ་དང་པོ་དེ་བཀའ་ཟུར་སོགས་བཀའ་བློན་རྣམ་པ་དང་། དེ་མིན་ང་ཚོའི་སྤྱི་ཚོགས་ནང་ཉམས་མྱོང་དང་རྒྱུས་ཡོད་པ་དེ་དག་དང་ལྷན་ཚོགས་པ་རེད། ཚོགས་འདུ་གཉིས་པ་དེ་ན་གཞོན་ཚོ་དང་ལྷན་ཚོགས་པ་རེད། ཚོགས་འདུ་གསུམ་པ་དེ་བོད་མི་བཙན་བྱོལ་ནང་རྒྱུན་རིང་ལྷག་པ་ཡིན་ན། སྤྱི་ཚོགས་བདེ་དོན་དང་ཤེས་ཡོན། རིག་གཞུང་། འཕྲོད་བསྟེན་སོགས་ཀྱི་སླད་གང་གནང་དགོས་པ་དེ་དག་གི་ཆེད་ཚོགས་འདུ་ཚོགས་པ་རེད།
དེར་བརྟེན་དོན་ངོ་མ་ང་ཚོ་ལོ་ལྔ་གནས་ཀྱི་ཡོད་ན་རེད། ལོ་ལྔ་བཅུ་གནས་ཀྱི་ཡོད་ནའང་རེད། གནས་མཁན་དེ་རྒྱ་ཆེ་མང་ཚོགས་རེད། རྒྱ་ཆེ་མང་ཚོགས་དོན་གྱི་བདག་པོ་ཁོང་རྣམ་པའི་དགོངས་འཆར་བླང་རྒྱུ་གནད་འགག་བརྩིས་པ་ཡིན། རྒྱ་ཆེ་མང་ཚོགས་ཀྱི་དགོངས་པའི་ནང་གང་འདུག འདི་བླང་རྒྱུའི་བརྒྱུད་ལམ་ནི་འདི་ལྟ་བུའི་ཚོགས་ཆེན་ཞིག་བསྐོང་དགོས་པ་ཆགས་ཡོད།
ད་རེས་ཚོགས་ཆེན་འཚོགས་རྒྱུའི་བརྗོད་གཞི་དང་པོ་ནི་རྒྱ་ཆེ་མང་ཚོགས་ནས་ལྔ་དང་ལྔ་བཅུའི་ཐོག་ལ་དགོངས་པ་གང་འདུག དགོངས་ཚུལ་དེ་དག་བླང་དགོས་རྒྱུ་གནད་འགག་བརྩིས་པ་ཡིན་ན་འདི་གཅིག་ཆགས་ཀྱི་འདུག གཉིས་པ་ནི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་བ་ཟེར་རྒྱུ་དེ་རེད། ང་ཚོ་བོད་མི་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་རེད། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་སྐྱེ་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད། དེར་བརྟེན་༸རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་ ༡༤ བར་ང་ཚོ་བོད་མི་མང་དང་འབྲེལ་བ་གང་ཡོད། གལ་ཏེ་འབྲེལ་བ་ཡོད་པ་ཡིན་ན་བཀའ་དྲིན་ཇི་ཙམ་ཆེན་པོ་རེད། རྩ་བའི་ང་ཚོས་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། འོན་ཀྱང་སྐབས་རེས་ཚོར་སྣང་མེད་པའི་ཐོག་ནས་ལྷག་འགྲོ་རྒྱུ་དེ་འདྲ་ཡོང་གི་འདུག དེར་བརྟེན་རྒྱ་ཆེ་མང་ཚོགས་ནས་ཚོར་བ་ཡོད་པའི་ཐོག་ནས་འབྲེལ་བ་ཡོད་པ་ཡིན་ན། བཀའ་དྲིན་ཆེན་པོ་རེད་དང་མ་རེད། བཀའ་དྲིན་ཆེན་པོ་ཡིན་ན་ང་ཚོས་གང་བྱེད་དགོས། རྒྱ་ཆེ་མང་ཚོགས་ལ་ལས་འགན་གང་ཡོད་པ་སོགས་ཀྱི་དགོངས་ཚུལ་བླང་རྒྱུའི་ཆེད་དུ་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་གི་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་བར་བཅའ་ཁྲིམས་དོན་ཚན་ ༥༩ ནང་གསེས་ ༡།༢།༣། བཅས་ཡོད། ནང་གསེས་དང་པོར་འདི་འདྲའི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་བར་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་ཐག་གཅོད་གནང་དགོས་ཀྱི་ཡོད་པ་རེད།
དེར་བརྟེན་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༡ ཉིན་ཐག་གཅོད་འདི་གནང་བ་རེད། འདི་འདྲའི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་རྒྱུར་ཐག་གཅོད་བྱུང་བ་ཡིན་ན། ཚོགས་ཆེན་གྱི་བརྗོད་གཞི་གང་འཇོག་དགོས། ཚོགས་ཆེན་ནང་ཕེབས་མཁན་སུ་དང་སུ་འཇོག་དགོས། ཚོགས་དུས་སོགས་ཀྱི་སླད་བཀའ་སྤྱི་ལྷན་རྒྱས་ཚོགས་དགོས་ཀྱི་ཡོད་པ་རེད། གྲོས་ཚོགས་ཚུགས་བཞིན་པ་ཡིན་ན། གྲོས་ཚོགས་དང་བཀའ་ཤག་ནས་ཐུགས་ཐག་གཅད་གནང་རྒྱུ་དང་། གྲོས་ཚོགས་མེད་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་གོ་བསྡུར་གནང་བའི་ཐོག་ནས་ཐག་གཅོད་གནང་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོས་ཐག་གཅོད་གནང་ཟིན་པའི་རྗེས་སུ་སྐབས་དེར་གྲོས་ཚོགས་ཚོགས་ཀྱི་མེད་སྟབས། བཀའ་ཤག་དང་སྤྱི་འཐུས་ལྷན་འཛོམས་ཕྱི་ཟླ་ ༢ ཚེས་ ༢༦ ཉིན་ལྷན་འཛོམས་གནང་སྟེ་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་འཚོགས་རྒྱུ་ཡིན་པ་དང་བརྗོད་གཞི་གོང་དུ་ཞུས་པ་ནང་བཞིན་ཐག་གཅོད་གནང་བ་རེད། ཐག་གཅོད་གནང་བ་དེ་འབྲེལ་ཡོད་ཚོགས་བཅར་བ་ཡོངས་ལ་བརྡ་ཐོ་བརྒྱུད་ལམ་མི་འདྲ་བའི་ཐོག་ནས་འབུལ་རྒྱུ་རེད། འོན་ཀྱང་ད་རེས་བཀའ་ཤག་དང་སྤྱི་འཐུས་ཐུན་མོང་ཐོག་ནས་གསར་འགོད་ལྷན་ཚོགས་བསྐོང་བ་རེད། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ད་ལྟ་གོང་དུ་རྣམ་པ་ཚོར་གསུང་པ་ནང་བཞིན་རེད། ང་ཚོས་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་རིགས་ཚོགས་སྡེ་ཁག་གི་འགོ་ཁྲིད་ཚོ་དང་ལྷན་དུ་དམིགས་བསལ་ཚོགས་ཆེན་ཞིག་འབྱུང་འགྱུར་ཕྱི་ཟླ་ ༡༠ ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་སར་འཚོགས་རྒྱུ་ཡིན།
ཚོགས་འདུ་འདི་བཞིན་བཀའ་ཤག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་གྲོས་བསྡུར་གནང་སྟེ་ཐག་གཅོད་བྱུང་བ་ཞིག་ཡིན་ཞིང་། ཚོགས་འདུའི་བརྗོད་གཞི་ནི། ལྔ་དང་ལྔ་བཅུའི་འཆར་སྣང་དང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་བར་གྱི་འབྲེལ་བ་ཞེས་པ་དེ་ཡིན། བརྗོད་གཞི་དང་པོ་ལྔ་དང་ལྔ་བཅུའི་འཆར་སྣང་གི་སྐོར་ད་བར་ཚོགས་འདུ་ཐེངས་གསུམ་ཚོགས་ཟིན་པ་རེད། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་དང་པོ་ནི་ཆབ་སྲིད་ཀྱི་གནད་དོན་སྐོར་རེད། སྐབས་དེར་ང་ཚོས་མཁས་དབང་མི་སྣ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་ཚོགས་སྡེ་ཁག་གི་འགོ་ཁྲིད་ཚོ་སོགས་གདན་ཞུ་གནང་ཡོད། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་གཞི་ལ་བཞག་ནས་ང་ཚོར་དགོངས་ཚུལ་གསུང་མཁན་མང་པོ་བྱུང་། ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་གཉིས་པ་ནི་གཞོན་སྐྱེས་ཀྱི་ཚོགས་འདུ་རེད། སྐབས་དེ་དུས་གཞོན་སྐྱེས་ཚོས་དགོངས་ཚུལ་ལེགས་པོ་གསུང་བྱུང་།
ལྔ་དང་ལྔ་བཅུའི་འཆར་སྣང་གི་ཚོགས་འདུ་གསུམ་པ་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་དང་། བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སྐོར། བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐབས། བོད་མིའི་སྤྱི་ཚོགས་ཀྱི་འཚོ་རྟེན་ཡར་རྒྱས་གཏོང་ཐབས་སྐོར། བཅས་བརྗོད་གཞི་ཁག་བཞིའི་ཐོག་མཁས་དབང་གདན་འདྲེན་ཞུས་ཏེ་བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་གནང་ཡོད། ང་ཚོས་ཚོགས་འདུའི་སྐབས་ཀྱི་དགོངས་ཚུལ་རྣམས་མི་མང་གིས་ལྟ་བདེ་བའི་ཕྱིར་མགྱོགས་མྱུར་དེབ་གཟུགས་སུ་ཕྱོགས་སྒྲིག་བྱ་རྒྱུ་མ་ཟད། གང་ཐུབ་ལག་བསྟར་བྱ་ངེས་ཡིན།
བོད་ནི་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་བར་ཁ་བྲལ་ཐབས་མེད་པ་ཞིག་རེད། ལྷག་པར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་རྗེས་དྲན་དང་བོད་རྒྱ་ཆེ་མི་མང་གི་བསམ་ཚུལ་བསྡུ་རུབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ལྔ་དང་ལྔ་བཅུའི་འཆར་སྣང་དང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མིའི་བར་གྱི་འབྲེལ་བ་ཞེས་པའི་སྐོར་ཚོགས་ཆེན་ཞིག་འབྱུང་འགྱུར་ཕྱི་ཟླ་ ༡༠ ནང་འཚོགས་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་བཅས། །