ཟླ་བ་ ༡ ཚེས ༨ ༢༠༡༩
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༨ རེས་གཟའ་མིག་དམར།

༄༅།།ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་མཆོག་གིས་ཨེ་ཤི་ཡ་ཡར་རྒྱས་ལས་གཞིའི་ཁྲིམས་འཆར་ཁྲིམས་སུ་གཏན་འབེབས་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༨ རེས་གཟའ་མིག་དམར་ཉིན་དགའ་བསུའི་འཚམས་འདྲི་ཞུས་གནང་འདུག

ཁྲིམས་འཆར་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༤ ཉིན་གྲོས་ཚོགས་གོང་མ་དང་། དེ་རྗེས་ཕྱི་ཚེས་ ༡༢ ཉིན་གྲོས་ཚོགས་འོག་མའི་ནང་གཏན་འབེབས་བྱུང་མཐར་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༡ ཉིན་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་བ་ཞིག་ཡིན་འདུག

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐེངས་འདིར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཁྲིམས་འཆར་དེ་བརྒྱུད་བོད་ཕྱི་ནང་གཉིས་སུ་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་དགོས་པ་སོགས་འཁོད་པ་ཙམ་མ་ཟད། བོད་ཀྱི་ཁོར་ཡུག་ལ་གཙོ་བོར་དམིགས་ནས་བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ལས་གཞི་ཇི་འདྲ་ཞིག་སྤེལ་རུང་རྒྱུན་གནས་ཐུབ་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་དགོས་པའི་དོན་ཚན་སོགས་འཁོད་ཡོད།

གཞན་ཡང་བོད་ཀྱི་ཕྱི་རོལ་རྒྱ་བལ་སོགས་ཀྱི་ནང་དུ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་ཐུན་མིན་ཁྱད་ཆོས་དེ་དག་སྲུང་སྐྱོབ་སླད་རྒྱབ་སྐྱོར་དང་རོགས་རམ་གནང་རྒྱུ་ལས་གཞི་སོགས་འཁོད་པར་བརྟེན་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།

སྤྱིར་ཉེ་ལམ་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིར་ཐེངས་མང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གཙོ་གྲས་ཁག་གཅིག་དང་མཇལ་འཕྲད་ཞུས་ནས་བོད་ཀྱི་གནད་དོན་དེ་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ཁྲོད་གནད་དོན་གལ་འགངས་ཆེ་ཤོས་ཤིག་ལ་བརྩི་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག ཕྱོགས་མཚུངས་ཨ་རིའི་སྐུ་ཚབ་དོན་ཁང་ནས་ཀྱང་འབད་བརྩོན་ཧ་ཅང་གནང་འདུག །

Share with your friends










Submit