ཟླ་བ་ ༡ ཚེས ༡༤ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༡ ཚེས་ ༡༤ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཙམ་ལ་སུད་སི་ཇི་ནི་ཝ་ནས་ཡིན་པའི་སྐུ་ཞབས་ (Adrien-Claude Zoller) ལགས་དང་། ལྕམ་སྐུ་ (Mrs Marguerie Contat) ལགས། སྐུ་ཞབས་ (Mr.Yves Lador) ལགས། སྐུ་ཞབས་ (Mr Joshua Coope) ལགས་བཅས་ལས་གྲུབ་པའི་ཇི་ནི་ཝའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ཚོགས་གཙོའི་ལས་ཁུངས་ནང་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་དང་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་སོགས་གསུངས་གནང་བ་དང་།

དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་བོད་མི་ ༡༥༣ གྱིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་ཏེ་གྲོས་ཚོགས་འཐུས་མི་དང་། མཁས་དབང་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་དང་། གཞན་ཡང་སྤྱི་འཐུས་རྣམ་པ་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མིའི་གནས་སྡོད་གཞིས་ཆགས་ཡོངས་ལ་གཟིགས་ཞིབ་སླད་ཕེབས་ཀྱི་ཡོད་སྐོར། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་སོགས་གསུངས་གནང་བ་མ་ཟད། ཁོང་རྣམ་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཁོར་ཡུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས། དེ་བཞིན་ཁྲིམས་སྒྲིག་བཅས་ཀྱི་ཐོག་དྲི་བ་ཕུལ་བར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གནང་རྗེས།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ཁོང་རྣམ་པར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་བཙན་བྱོལ་ནང་གི་རང་དབང་ (Freedom In Exile) ཞེས་པའི་ཨིན་ཡིག་དཔེ་དེབ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་བོད་མིའི་ཚེ་སྲོག་གི་འབོད་སྒྲ་ཞེས་པའི་དཔེ་དེབ་ཕུལ་གནང་སོང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་བ་བཅས།

Share with your friends










Submit