ཟླ་བ་ ༡ ཚེས ༡༢ ༢༠༡༩
Published By ngawang thokmey

༢༠༡༩ ཟླ་ ༡ ཚེས་ ༡༢ རེས་གཟའ་སྤེན་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨེ་མོ་རི་མཐོ་སློབ། Emory University རྡ་ས་བོད་ཀྱི་དཔེ་མཛོད་ཁང་བཅས་ཐུན་མོང་གི་གོ་སྒྲིག་འོག  རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཚན་རིག་སྡེ་ཚན་ཁང་གི་ཚོགས་ཁང་ནང་དུ།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པའི་ཟབ་སྦྱོང་ལེགས་གྲུབ་བྱུང་འདུག ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༧ ནས་ ༡༠ བར་ཚོགས་པ་དང་། མཇུག་སྡོམ་མཛད་སྒོར་འབྲས་བློ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་དབུ་བཞུགས་ཐོག རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་ལས་བྱེད་བསྟན་འཛིན་པདྨ་ལགས། ཨེ་མོ་རི་མཐོ་སློབ་ཀྱི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་སོགས་ཕེབས་འདུག
ཟབ་སྦྱོང་སྐབས་བོད་པའི་སློབ་འབྲིང་དགེ་རྒན་གྲངས་ཉི་ཤུ་རྩ་གཅིག་དང་། བལ་ཡུལ་དུ་རྟེན་གཞི་བྱས་པའི་གངས་ཅན་བོད་ཀྱི་ཐེབས་རྩའི་ཤེས་ཡོན་འགན་འཛིན། ས་རཱ་མཐོ་སློབ་ཀྱི་སློབ་དགེ་ཁག་གཅིག གཏོང་ལེན་སློབ་གྲྭའི་འགན་འཛིན། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ལས་བྱེད། བལ་ཡུལ་དུ་ཡོད་པའི་འཇམ་དབྱངས་བདེ་ཆེན་ཆོས་ཚོགས། དེ་བཞིན་རྒྱ་གར་སློབ་གྲྭ་ཁག་འདྲ་མིན་བཅས་ཁྱོན་མི་གྲངས་ ༦༢ མཉམ་ཞུགས་གནང་འདུག

ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་སྤྱི་ཚོགས་དང་ཚོར་ཤེས། དེ་བཞིན་བཟང་སྤྱོད་གཞི་རྩར་བཞག་པའི་འབྲིང་རིམ་སློབ་གྲྭའི་སློབ་ཚན་གྱི་སྒྲོམ་གཞི་ཇི་ལྟར་གཏན་འབེབས་གནང་ཕྱོགས་ཐད་ཡིན་འདུག སློབ་ཚན་གཏན་འབེབས་ཟིན་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་བ་བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱཱརཐི་ Kailash Satyarthi མཆོག་རྣམ་གཉིས་ཀྱིས། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ནས་ ༦ བར་སློབ་དེབ་དེ་བཞིན་རྒྱལ་སྤྱིའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་དབུ་འབྱེད་མཛད་གཏན་འཁེལ་འདུག་པ་བཅས།

Share with your friends










Submit