Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༦ རེས་གཟའ་ཕུར་བུ།

 

༄༅། །འདི་གར་བོད་ཀྱི་བརྙན་འཕྲིན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༥ ཉིན་ཨོ་སི་ཀྲོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག ཁན་བྷི་རར་རྟེན་གཞི་བྱེད་པའི་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་རྭ་བའི་ནང་ཡོད་པའི་ཚོགས་ཆུང་གི་ཚོགས་ཁང་ལྟེ་བའི་ནང་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་མཛད་སྒོའི་ཚོགས་མགོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་གདོད་མའི་མི་རིགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀེན་ཝ་ཡེ་ Ken Wyatt མཆོག ཨོ་སི་ཀྲོ་ལི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྦྲེལ་པོ་སྐུ་ཞབས་མེ་ཀལ་ཌན་བྷི་ Micheal Danby མཆོག་དང་། སྐུ་ཞབས་ཝ་རན་ཧིན་ཇ་ Warren Entsch མཆོག ཨོ་སི་ཀྲོ་ལི་ཡའི་ལྗང་ཁུ་ཚོགས་པའི་འགོ་ཁྲིད་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རི་ཅཌ་ཌི་ན་ཏ་ལི་ Richard Di Natale མཆོག

བདེ་སྲུང་བློན་ཆེན་ཟུར་པ་དང་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ཀེ་ཝན་ཨེན་ཌུས་ Kevin Andrews མཆོག ཕྱི་འབྲེལ་བློན་ཆེན་ཟུར་པ་སྐུ་ཞབས་གྷེ་རཏ་ཨེ་ཝོན་ Gareth Evans མཆོག  གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་པི་ཌར་སི་ལི་པར་ Peter Slipper མཆོག དེ་བཞིན་གྲོས་ཚོགས་འཐུས་མི་ལས་ཐོག་ ༡༥ དང་གནས་ཡོད་མི་སྣ་སྐུ་མགྲོན་ ༥༠ ཙམ་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་མ་ཟད། 

ཨོ་སི་ཀྲོ་ལི་ཡའི་ས་གནས་བོད་རིགས་མཐུན་ཚོགས་ཁག་གི་ཚོགས་གཙོ་རྣམ་པ་སོགས་བོད་རིགས་སྐུ་མགྲོན་དང་། ཁན་བྷི་ར་ས་གནས་བོད་རིགས་མི་མང་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་མཛད་སྒོར་བཅར་ཡོད། 

སྐབས་དེེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། འདས་པའི་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་མི་ཚོས་གདུག་རྩུབ་སྣ་ཚོགས་མྱོང་དགོས་བྱུང་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད། ཁྱེད་རྣམ་པ་ལྟ་བུ་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་ཡོད་པ་ནི་རྒྱལ་སྤྱིའི་སྟེང་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མཚོན་གྱི་ཡོད།  ཨོ་སི་ཀྲོ་ལི་ཡར་ཆ་མཚོན་ན་གཞུང་དང་མི་མང་ཁྲོད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་རྒྱལ་ཁབ་ཅིིག་ཡིན།

 

 

ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་སི་ཀྲོ་ལི་ཡའི་ནང་ཐེངས་བཅུ་ཆིབས་སྒྱུར་གནང་ཡོད་ཅིང་། ཆིབས་སྒྱུར་རེ་རེ་བཞིན་མང་ཚོགས་འདུ་འཛོམས་ཇེ་མང་དང་དད་གུས་ཇེ་ཆེར་འགྲོ་བཞིན་ཡོད། དེ་བཞིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ནང་ད་བར་བོད་དོན་སྐོར་གྲོས་ཆོད་བཞག་པ་དང་གླེང་སློང་བྱུང་བ་ཁག་བསྡོམས་ན་ཐེངས་ ༢༢༠༠ ཙམ་བྱུང་འདུག་པ་ནི་ཕལ་ཆེར་རྒྱལ་སྤྱིའི་ནང་མང་ཤོས་ཆགས་ཡོད། གཞན་ཡང་ཨོ་སི་ཀྲོ་ལི་ཡའི་ནང་བོད་རིགས་ ༢༣༠༠ ཙམ་ཡོད་པའི་ཁོངས་ནས་ ༡༣༦༣ དམིགས་བསལ་གཞིས་སྤོས་ལས་གཞིའི་ཁོངས་ནས་ཕེབས་པའི་ཆབ་སྲིད་བཙོན་ཟུར་དང་དེ་དག་དང་འབྲེལ་བ་ཡོད་པའི་ནང་མི་རྣམས་ཆགས་ཡོད། དེར་བརྟེན་དེ་རིང་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་དེ་འོས་ཤིང་འཚམས་པ་ཆགས་ཡོད། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨོ་སི་ཀྲོ་ལི་ཡ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་།

དེ་ནས་དམིགས་བསལ་སྐུ་མགྲོན་གདོད་མའི་མི་རིགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀེན་ཝ་ཡེ་མཆོག་གིས། ཨོ་སི་ཀྲོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གནས་སྟངས་དང་བོད་མིའི་གནས་སྟངས་གཉིས་ཧ་ཅང་འདྲ་པོ་ཡོད་སྟབས། བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རང་ཤུགས་ཀྱིས་ཡོང་བཞིན་འདུག་ཅེས་དང་། དེ་བཞིན་ཁོང་གིས་བོད་མི་རྣམས་ནས་སོ་སོའི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུར་དཀའ་ངལ་སྣ་ཚོགས་འཕྲད་བཞིན་པར་བརྟེན་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་ཚོར་ཤུགས་ཆེན་པོའི་སྒོ་ནས་གསུངས་སོང་།

གཞན་ཡང་ལྗང་ཁུ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་རུ་ཅཏ་ཌི་ན་ཏ་ལེ་མཆོག་གིས། ལྗང་ཁུ་ཚོགས་པ་ནི་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པའི་ཆབ་སྲིད་ཚོགས་པ་ཞིག་རེད། ལྗང་ཁུ་ཚོགས་པའི་འགོ་ཁྲིད་ཟུར་པ་སྐུ་ཞབས་  Bob Brown  ནི་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་ཞིག་རེད། ང་ཚོས་རང་དབང་དང་དྲང་བདེན་ཆེད་ག་དུས་ཡིན་ནའང་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱ་ནག་དང་འབྲེལ་བ་བྱེད་དགོས་པ་མ་ཟད། འབྲེལ་ལམ་ཡར་རྒྱས་གཏོང་དགོས་པ་ཞིག་རེད། འོན་ཀྱང་རྒྱ་ནག་དང་འབྲེལ་བ་བྱེད་པའི་རྐྱེན་གྱིས་བོད་དོན་སྐོར་བཤད་མ་ཐུབ་པ་ཆགས་རྒྱུ་མེད། ང་ཚོས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།

ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་གཞན་ཚོའི་གསུང་བཤད་ཀྱི་སྙིང་དོན་དུ། ང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་སྟབས། རྒྱ་ནག་ལ་ཁ་གཏད་བྱེད་མཁན་རེད་བཤད་ཀྱི་ཡོད་ནའང་། ང་ཚོས་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱས་དང་བྱེད་བཞིན་ཡོད་པ་མ་གཏོགས་རྒྱ་ནག་ལ་ཁ་གཏད་བྱེད་པ་མ་རེད་ཅེས་དང་། དེ་བཞིན་གྲོས་ཚོགས་འདིའི་ནང་འཐུས་མི་མང་པོ་འཕོ་འགྱུར་འགྲོ་ཡི་ཡོད་ནའང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མུ་མཐུད་ཡོང་བཞིན་པ་དང་། ཆབ་སྲིད་ཚོགས་པ་ཚང་མའི་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཅེས་སོགས་གསུངས་སོང་།

རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སི་ཀྲེ་ལེ་ཡེ་ཤི་ཡའི་ཁུལ་གྱི་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ནི་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཨོ་སི་ཀྲོ་ལི་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་དབང་གིས་དེང་སྐབས་བགྲོ་གླེང་མང་པོ་ཡོང་དང་ཡོང་བཞིན་པ་ཡིན་ནའང་། རྒྱ་ནག་གི་སྐོར་བོད་མིར་རྒྱུས་མངའ་ཆེ་ཤོས་ཡོད་པས། བོད་ནང་རྒྱ་ནག་དང་པོ་ཡོང་སྐབས་ཡར་རྒྱས་ཀྱི་མིང་ཐོག་ནས་སླེབས་པ་ཞིག་རེད། རྗེས་སུ་གནས་སྟངས་ཇི་ཆགས་ཚང་མས་མཁྱེན་གསལ་རེད་ཅེས་སོགས་གསུངས་སོང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་དྲན་རྟེན་ཕྱག་རྟགས་གདོད་མའི་མི་རིགས་ལས་དོན་གྱི་བློན་ཆེན་སྐུ་ཞབས་ཀེན་ཝ་ཡེ་མཆོག་ལ་འབུལ་ལམ་ཞུས་པར། དེར་འདུས་ཕྱི་ནང་མང་ཚོགས་ཡོངས་ནས་དགའ་སྤྲོ་ཆེན་པོ་གནང་སོང་།

མཐར་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། ཁན་བྷེ་ར་ས་གནས་མི་མང་ནས་གཞས་སྣ་འཁྲབ་སྟོན། ལྷག་དོན་ད་རེས་ཀྱི་མཛད་སྒོར་དམིགས་བསལ་ཆེད་སྒྲིག་བྱས་པའི་ཨོ་སི་ཀྲོ་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་  Thank You Australia ཞེས་པའི་གླུ་གཞས་རོལ་དབྱངས་དང་བཅས་གཟིགས་འབུལ་ཞུས་པར། སྐུ་མགྲོན་ཚོར་དགའ་བསུ་ཆེན་པོ་གནང་སོང་བ་བཅས། ། 

Share with your friends










Submit