ཟླ་བ་ ༡༢ ཚེས ༢༥ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༥ རེས་གཟའ་མིག་དམར།

 

༄༅།  །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱིས་དགའ་མགུ་ཡི་རངས་ཐོབ་པའི་དམངས་དོན་བརྩོན་ལེན་པ་ཞིག་གང་བྱུང་བཀག་ཉར་བྱས་ཡོད་པ་དང་། བོད་མི་དེས་རང་ཡུལ་ས་གནས་སྲིད་གཞུང་གི་ལྐོག་ཟ་གསུག་ལེན་ཐེར་འདོན་དང་ལེགས་བཅོས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད།

དེ་ཡང་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༩ ཚེས་༤ ཉིན་གྱི་ཕྱི་དྲོར་དགའ་བདེ་རྫོང་སྤྱི་བདེ་མི་སྣས་མགོ་ལོག་མགྱོགས་བགྲོད་གཞུང་ལམ་ཁར་ས་གནས་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ཐེར་འདོན་དང་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་རང་ལོ་༤༧ ཡིན་པའི་ཨ་ཉ་སེང་སྒྲ་གང་བྱུང་འཛིན་བཟུང་གིས་ཟི་ལིང་བརྒྱུད་གྲོ་ཚང་༼乐都༽ཁུལ་གྱི་ལྟ་སྲུང་ཁང་དུ་ཁྲིད་ནས་བཀག་ཉར་བྱས་འདུག  བཀག་ཉར་བྱས་རིང་། རྒྱ་གཞུང་གིས་ཨ་ཉ་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་གཙོས་པའི་ནང་མི་ཁག་ཅིག་དང་ཁྲིམས་རྩོད་པ་ལིན་ཆི་ལེ་ LIN QI LEI བཅས་ཕྱི་ཟླ་༩ ཚེས་༡༨ ཉིན་གྲོ་ཚང་ལྟ་སྲུང་ཁང་དང་། ཕྱི་ཟླ་༡༠ ཚེས་༢༡ ཉིན་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་སུ་བཅར་ནས་རེ་འདུན་ཞུས་ཀྱང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད།

ཕྱི་ཚེས་ ༢༢ ཉིན་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་བརྒྱུད་ཁྲིམས་རྩོད་པ་ཨ་ཉ་སེང་སྒྲར་ཐུག་སྐབས། ཨ་ཉ་སེང་སྒྲའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག དེ་ཡང་སྤྱི་བདེ་མི་སྣས་ཁོང་གློ་བུར་དུ་ས་བབ་མཐོ་ས་ནས་འཛིན་བཟུང་གིས་ས་བབ་དམའ་སར་བཀག་ཉར་བྱས་རྐྱེན། ས་ཆུ་མ་འཕྲོད་པར་གྲོད་ཁོག་བཤལ་ཏེ། དུས་ཡུན་ཆུ་ཚོད་༡༣༧ རིང་བཟའ་འཐུང་བྱེད་ཐུབ་མེད་པ་དང་། ས་ཆུ་མ་འཕྲོད་པའི་ཚབས་ཆེའི་དཀའ་ངལ་མུ་མཐུད་འབྱུང་མུས་ཡིན་སྐོར་ཁྲིམས་རྩོད་པ་ལེན་ཆི་ལེ་ཡིས་བརྗོད་ཡོད། ཁྲིམས་རྩོད་པར་ཐུག་འཕྲད་སྐབས་སུ། ཨ་ཉ་སེང་སྒྲས་ཁྲིམས་རྩོད་པར། སྤྱི་བདེ་མི་སྣས་ཁོང་དགའ་བདེ་རྫོང་ལྟ་སྲུང་ཁང་དུ་བཀག་ཉར་མ་བྱས་པར་བསམ་བཞིན་གྲོ་ཚང་ཁུལ་ལྟ་སྲུང་ཁང་དུ་བཀག་ཉར་བྱས་པ་དེ་ནི་ས་གནས་སྲིད་གཞུང་གིས་ཁོང་ལ་མནར་གཅོད་གཏོང་སྟངས་ཤིག་ཡིན་པ་དང་། ཁོང་གིས་གོང་རིམ་ལ་མང་ཚོགས་ཀྱི་བདེ་སྡུག་ཞུས་པ་མ་གཏོགས་ཁྲིམས་འགལ་གྱི་ཀུན་སྤྱོད་རྩ་བ་མེད་ཀྱང་། སྤྱི་བདེ་མི་སྣས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་པ་ཡིན་སྐོར་བརྗོད་འདུག

ད་ཆར་ཨ་ཉ་སེང་སྒྲར་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པའི་ནག་ཉེས་བཙུགས་ཡོད་ཅིང་། དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་གསལ་བསྒྲགས་ནང་དུ། ཁོང་གི་བཀག་ཉར་དུས་ཡུན་ལོ་རྗེས་མའི་ཕྱི་ཟླ་༡ ཚེས་༡༢ བར་ཕར་འགྱང་བྱས་ཡོད་པར་གཞིགས་ན།  ཉེས་དོན་ཞིབ་བཤེར་མི་སྣས་ཁོང་ལ་ནག་ཉེས་འཕར་མ་བཙན་འགེལ་བྱ་རྩིས་ཡོད་པ་གཏན་འཁེལ་རེད། འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་སྤེལ་བའི་སྤྱི་བདེ་ལས་ཁུངས་ཀྱི་གསལ་བསྒྲགས་དེའི་ནང་དུ།  ཨ་ཉ་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་གྱོད་དོན་ཐག་གཅོད་བཞིན་ཡོད་ལུགས་དང་། དོགས་ཡོད་ཉེས་ཅན་ལ་ད་དུང་ཉེས་པ་ཆེན་པོ་གཞན་ཡོད་སྲིད་པས། ༼ཀྲང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་༽ཀྱི་དོན་ཚན་༡༦༠ ཡིས་གཏན་འབེབས་ལྟར། དགའ་བདེ་སྤྱི་བདེ་ཅུས་ཀྱིས་ཆོག་མཆན་གནང་པ་བརྒྱུད། བསྐྱར་དུ་ཁོ་རང་གི་བཀག་ཉར་དུས་ཡུན་༢༠༡༨ ཟླ་༡༡ ཚེས་༡༢ ནས་༢༠༡༩ ཟླ་༠༡ ཚེས་༡༢ བར་ཡིན་རབས་འཁོད་འདུག ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་གཞུང་གིས་ཁ་གསལ་ཅི་ཡང་མེད་པའི་ཉེས་དོན་བཅའ་ཁྲིམས་ཟེར་བ་དེའི་དོན་ཚན་༢༩༣ གཞིར་བཟུང་ནས་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པ་ཅེས་པའི་ཐ་སྙད་དེ་བེད་སྤྱོད་ཤུགས་ཆེར་བཏང་བ་དང་། ལྷག་པར་དུ་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་རྗེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་། དམར་ཤོག་སྲིད་གཞུང་གི་དྲག་གནོན་ཁྲིམས་སྒྲིག་ཁག་ལ་སྐྱོན་བརྗོད་གནང་མཁན་ཚོར་ནག་ཉེས་བཙན་འགེལ་བྱེད་ཐབས་སུ་བེད་སྤྱོད་ཀྱིན་འདུག

ཨ་ཉ་སེང་སྒྲའི་བཟའ་ཟླ་གཡང་སྐྱིད་ཀྱིས་བརྗོད་དོན། འདི་ལོའི་ཟླ་༩ ཚེས་ ༥ ཉིན་གྱི་ཕྱི་དྲོར་དགའ་བདེ་སྤྱི་བདེ་ཅུས་ཡང་བསྐྱར་ཨ་ཉ་སེང་སྒྲ་འཛིན་བཟུང་བྱས། ཚེས་ ༦ ཉིན་ཉེས་དོན་བཀག་ཉར་གྱི་བརྡ་ཡིག་བཏང་། བཀའ་གཉེར་བྱེད་དགོས་པའི་རྒྱུ་མཚན་ནི། སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པའི་ཉེས་པ་ཡིན་ཟེར། འདི་ནི་དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་མེད་ཉེས་འཛུགས་བྱས་ནས་འབྲོག་མིའི་ཐོབ་ཐང་རྩོད་ལེན་པ་ཨ་ཉ་སེང་སྒྲར་གནོད་འཚེ་བཏང་བ་ཞིག་རེད། ཨ་ཉ་སེང་སྒྲས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་པེ་ཅིན་གྲོང་ཁྱེར་འབྲེལ་ཡོད་ཁྲིམས་ཁང་ཁག་ལ། ས་གནས་སྲིད་གཞུང་གི་ལྐོག་ཟ་གསུག་ལེན་ཐེར་འདོན་དང་ཞུ་གཏུག་བྱས་པ་རེད།

གཡང་སྐྱིད་ཀྱིས། ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་ལོ་མང་རིང་ཁྲིམས་འགལ་གྱི་ཐོག་ནས་གོང་རིམ་ནས་འབྲོག་པ་མང་ཚོགས་ལ་སྤྲད་པའི་དམངས་ཕན་འཚོ་སྣོན་རོགས་དངུལ་དང་། རྩྭ་ས་དང་ནགས་ཚལ་འཚོ་སྣོན། དམའ་སྲུང་དུད་ཚང་དང་ལྔ་སྐྱོང་དུད་ཚང་། ཆེས་དབུལ་ཕོངས་ཀྱི་ཁྱིམ་ཚང་དང་བདག་མེད་དྭ་ཕྲུག་སོགས་ཀྱི་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་གསུག་ལེན་བྱས་ཏེ། འབྲོག་པ་མང་ཚོགས་ཕྱུག་འགྱུར་ལས་ལྡོག་སྟེ་རིམ་ཁག་འགོ་ཁྲིད་ཚོ་ཕྱུག་པོ་ཆགས་པ་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་གནས་ལ་ཡར་རྒྱས་ཀྱི་འགྱུར་ལྡོག་གང་ཡང་མེད་པར་སྔར་བཞིན་དབུལ་ཕོངས་དཀའ་སྡུག་གི་གནས་སྟངས་བཅས་ལ་སྐྱོན་བརྗོད་གནང་ཡོད་པ་རེད།

གཡང་སྐྱིད་ཀྱི་ཞུ་གཏུག

འདི་ལོའི་ཕྱི་ཟླ་༩ ཚེས་༨ ཉིན་གཡང་སྐྱིད་ལགས་ཀྱིས་མོའི་བཟའ་ཟླ་མྱུར་དུ་གློད་གྲོལ་གཏོང་དགོས་པ་དང་། ཁོས་རྒྱལ་ཁབ་ཀྱི་ཁྲིམས་སྲུང་སྐྱོབ་བྱས་ནས་ཁོང་འཛིན་བཟུང་བྱས་སོང་ཞེས་ཞུ་གཏུག་གནང་འདུག མོས་མགོ་ལོག་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ལ། དགའ་བདེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་སྲུང་བྱེད་མཁན་འབྲོག་པ་ཨ་ཉ་སེང་སྒྲ་ལ་བཟོས་པའི་བསམ་བློ་དང་དཔལ་འབྱོར་གྱི་གྱོང་གུན་ལ་གུན་གསབ་སྤྲོད་དགོས། ས་གནས་སྲིད་གཞུང་གིས་ནགས་ཚོགས་སྟོབས་ཤུགས་རྩ་མེད་བཟོས་ནས་ཏང་དང་རྒྱལ་ཁབ་ལ་མུག་མ་དང་གད་སྙིགས་གཙང་བཟོ་བྱེད་དགོས། ཞེས་འབོད་སྐུལ་གནང་བ་དང་འབྲེལ། མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་སྤྱི་བདེ་ཅུས་དང་དགའ་བདེ་རྫོང་སྲིད་གཞུང་གི་ཁྲིམས་འཛིན་ལས་ཁུངས་ནང་དུ་ཁྲིམས་འཛིན་ཁྲིམས་འགལ་བྱེད་པའི་ནག་ཚོགས་དེ་དག་གིས་ཏང་གི་འགོ་ཁྲིད་ལ་མི་ཉན་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིམས་ལུགས་ལག་བསྟར་མི་བྱེད་པ། གོང་རིམ་ལ་གསང་བ་དང་གཤམ་འོག་ལ་མགོ་སྐོར། དེ་བཞིན་ཁྲིམས་མེད་ལུགས་མེད་བྱེད་པ། གང་འདོད་ལྟར་དོན་དངོས་རྫུན་བཟོ་ཡིས་གྱོད་དོན་རྫུན་མ་བཟོ་བ། ཁྲིམས་ལ་གུས་སྲུང་བྱེད་པའི་སྤྱི་དམངས་ལ་མ་ཉེས་ཁ་གཡོག་བྱེད་པ། བོད་རིགས་འབྲོག་པའི་སེམས་ནང་གི་ཏང་དང་སྲིད་གཞུང་གི་གོ་གནས་དང་ཡིད་ཆེས་ལ་གཏོར་བརླག་གཏོང་གི་འདུག ཅེས་བརྗོད་འདུག

 

Share with your friends










Submit