ཟླ་བ་ ༡༢ ཚེས ༢༠ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

༢༠༡༨ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཕུར་བུ།

༄༅། །རྒྱ་ནག་སྐམ་སའི་རྒྱ་མི་རིགས་སུ་འདྲ་ཞིག་ཡིན་རུང་ཨ་རིའི་ནང་རང་དབང་ཐོག་ནས་འགྲོ་སྐྱོད་ཆོག་ཀྱང་།  ཨ་རིའི་མི་སེར་ཚོ་བོད་ཀྱིས་གཙོས་རྒྱ་ནག་གི་ས་ཁུལ་ཁག་གཅིག་ནང་རང་དབང་ཐོག་ནས་འགྲོ་རྒྱུར་རྒྱ་ནག་གཞུང་གི་དམ་དྲག་བཀག་སྡོམ་བྱེད་བཞིན་པར་བརྟེན།  ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ Jim McGovern མཆོག་གིས་གཙོ་འགན་ཐོག  སླད་ཕྱིན་བོད་ནང་ཨ་རི་མི་སེར་སུ་འདྲ་ཞིག་འགྲོ་རྒྱུར་དམ་དྲག་བྱས་ཚེ་འབྲེལ་ཡོད་ལས་བྱེད་དེ་ཨ་རིའི་ནང་འགྲོ་འོང་མི་ཆོག་པ་བཟོ་དགོས་པའི་གྲོས་ཆོད་བཏོན་པ་ལྟར།   གྲོས་ཚོགས་འཐུས་མི་སྐུ་ཞབས་རེན་ཌི་ཧལཌ་གི་རེན་ Randy Hultgren མཆོག་དང་གྲོས་ཚོགས་འཐུས་མི་མར་ཁོ་རུ་བྷིའོ་Marco Rubio མཆོག   དེ་བཞིན་གྲོས་ཚོགས་འཐུས་མི་ཊམ་མི་བྷལ་ཝིན་ Tammy Baldwin མཆོག་བཅས་ཀྱིས་གྲོས་ཆོད་དེར་རྒྱབ་སྐྱོར་གནང་ཡོད།

དེ་ཡང་གྲོས་ཆོད་དེ་བཞིན་ཐོག་མར་གྲོས་ཚོགས་འོག་མ་དང་། དེ་ནས་གོང་མ་བཅས་ནང་རིམ་བཞིན་སྤྱི་མོས་གཏན་འབེབས་བྱུང་མཐར་སྲིད་འཛིན་ཌོ་ནལ་ཊམ་ Donald Trump མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་མཚན་རྟགས་བཀོད་པར་བརྟེན། ད་ཆ་གྲོས་ཆོད་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱ་ནག་ཐོག་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ཤིག་ཏུ་གྱུར་ཐུབ་པ་བྱུང་ཡོད།

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ “བོད་ནང་འགྲོ་འོང་ཆོག་པའི་ཁྲིམས་ལུགས་ཀྱི་ཆ་རྐྱེན་གཏན་ལ་ཕབ་པ་དེས། འགྲོ་བ་མིའི་ཐོབ་ཐང་ལ་རྩི་མེད་རྡོག་རོལ་གཏོང་མཁན་རྒྱ་རིགས་ལས་བྱེད་རྣམས་ལ། རང་གིས་ནོར་འཁྲུལ་བྱས་པའི་འགན་དེ་རང་གིས་འཁྱེར་དགོས་པ་ཞིག་བཟོས་པ་མ་ཟད།  བོད་ཐོག་འཛིན་པའི་སྲིད་བྱུས་སྔར་བས་ནུས་ཤུགས་ཆེ་རུང་བཏང་ཡོད།
དེར་བརྟེན་ངས་སླར་ཡང་ཨ་རིའི་གྲོས་ཚོགས་གོང་འོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་གྲོས་ཆོད་དེ་ཁྲིམས་མཐུན་གཏན་འབེབས་ཡོངས་ཐབས་སུ་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཁྲིམས་དེ་བརྒྱུད་གཞིས་བཞུགས་བོད་མི་རྣམས་ལ་རེ་བའི་བརྡ་ལན་བཟང་པོ་ཞིག་ཀྱང་བཏང་ཐུབ་པ་བྱུང་ཡོད། ཅེས་ཞུ་རྒྱུ་ཡིན།
ལྷག་པར་ཨ་རིའི་སྲིད་འཛིན་ཊམ་མཆོག་ནས་ཐེངས་འདིར་གྲོས་ཆོད་ལ་མཚན་རྟགས་བཀོད་ནས་ཁྲིམས་སུ་གཏན་འབེབས་གནང་ཡོད་སྟབས། ངས་སྲིད་འཛིན་མཆོག་ལ་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ནས་ཡི་རངས་བསྔགས་བརྗོད་དང་སྦྲགས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་” ཞེས་གསུངས།།

Share with your friends










Submit