ཟླ་བ་ ༡༢ ཚེས ༣༠ ༢༠༡༨
Published By ngawang thokmey

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཉི་མ།

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གནས་མཆོག་རྡོ་རྗེ་གདན་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་རར་ཆིབས་སྒྱུར་སྐྱོང་སྐབས།  དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་སོགས་ཀྱིས་སྤོས་སྣེས་སྔོན་བསུས། དེ་རྗེས་མགོན་པོ་གང་ཉིད་བཞུགས་ཁྲིར་༸ཞབས་སོར་བདེ་བར་འཁོད་མཚམས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེས་མགོན་པོ་གང་ཉིད་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་ཐོག་མར་འབར་མའི་དགེ་སློང་ཁག་གཅིག་གིས་བཀྲ་ཤིས་པའི་མདོ་དང་། སོག་པོའི་སེར་སྐྱ་ཁག་གཅིག་དང་དེ་བཞིན་ཨུ་རུ་སུའི་སྐྱ་སེར་ཁག་གཅིག  ཕྱོགས་མཚུངས་ཉི་ཧོང་དང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་སེར་སྐྱ་ཁག་གཅིག་བཅས་ཀྱིས་སོ་སོའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བསྟུན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་དབུ་འཛུགས་ཀྱིས་ཐོག་མར་བཀའ་སློབ་སྩལ་དོན། ཁ་སང་ཧོབ་དེ་ཁ་ལ་གཟུགས་པོ་མི་བདེ་བ་བྱས་ཏེ། སྐྱུག་པ་བསྐྱུགས། བཤལ་བྱས་སོང་། མཁྲིས་པ་ཞེ་དྲགས་འཕར་བསྡད་འདུག ཁྱེད་རང་ཚོ་ཚང་མའི་དམ་ཚིག་དང་དད་པའི་ཤུགས་རྐྱེན་ཏན་ཏན་ཡོད་པ་རེད། ཁ་སང་ཕྱི་དྲོ་ནས་བཟུང་དྲག་འདུག དེ་རིང་འཇམ་དབྱངས་ཆོས་སྐོར་དང་བདེ་མཆོག་ཚེ་ལྷ་དཀར་པོ་བཏོན། རྟེན་འབྲེལ་དང་བཅས་དེ་རིང་འདིར་གཞག་གི་ཡིན། 

ང་ཚོ་གནས་མཆོག་རྡོ་རྗེ་གདན་ལ་དུས་གཅིག་ཏུ་ཚང་མ་འཛོམས་ནས་བཀའ་ཆོས་མཉམ་དུ་ཞུ་བཞིན་ཡོད། ད་ལྟ་སྐབས་སུ་བབས་པ་བདེ་མཆོག་ཚེ་ལྷ་དཀར་པོའི་ཚེ་དབང་མཉམ་དུ་ཞུ་བཞིན་ཡོད། འོན་ཀྱང་ཀུན་སློང་གི་ཁྱད་པར་ལས་རིགས་འགའ་ཤས་ལ་དངོས་ཡོད་གཞུང་དང་མཐུན་པ་ཡོང་གི་ཡོད། རིགས་འགའ་ཤས་ལ་ཁ་སང་དབང་གི་སྐབས་སུ་བཏོན་པ་ནང་བཞིན་རེད། ཚེ་འདིར་ཚེ་རིང་བ་དང་ནད་མེད་པ་ཞེས་བསམ་བློ་བཏང་ནས་ཕྱིན་པ་ཡིན་ན། དེ་ཚོད་ཀྱིས་དགེ་བ་མ་གཏོགས་ཡོད་པ་མ་རེད། གང་ལྟར།

ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །

ཅེས་ང་ཚོས་ནུས་པ་འདོན་ས་བྱང་ཆུབ་ཀྱི་སེམས་ལ་ནུས་པ་འདོན་དགོས་པ་རེད། དུས་འདི་ནས་བཟུང་སྟེ་ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་བསྒྲུབ་ཀྱི་ཡིན་བསམ་པའི་བསམ་བློ་གཏོང་དགོས། རང་དོན་སྒྲུབ་པ། ཚོགས་གསོག་སྒྲིབ་སྦྱོང་བྱེད་དགོས་ན་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་ཞིག་ཁྱོན་ནས་མེད།  རང་གཅེས་འཛིན་གྱི་བློ་དཔེར་ན། རང་ལས་མཐོ་བར་ཕྲག་དོག་དང་། དམན་པར་མཐོང་ཆུང་། རང་དང་མཉམ་པ་ལ་འགྲན་སེམས། ཞེས་པ་དེ་ཚོས་གྲས་ཀྱིས་སེམས་མ་སྐྱིད་པ་བཟོ་བཞི་ཡོད། སྤྱིར་གཞན་ཕན་གྱི་བློ་ཡག་པོ་ཞིག་སྐྱེ་བ་ཡིན་ན།  དེ་ལྟ་བུའི་མ་རུང་པའི་བློ་དེ་གྲས་ཡོང་ཤེས་ཐབས་མེད། ད་རེ་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་དང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལ་ཡང་ཡང་བལྟ་དགོས། ཡང་ཡང་བལྟས་པ་ཡིན་ན་རང་གཅེས་འཛིན་རྡོ་རྗེ་ཕ་ལམ་ནང་བཞིན་མཁྲེགས་པོ་ཡོད་པ་དེ་ག་ལེ་ག་ལེར་ཏན་ཏན་ཞི་འགྲོ་རྒྱུ་རེད། གཙོ་བོ་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དེ་རེད། 

བླ་མ་མཇལ་དུས་སེམས་ནང་སྤྲོ་སྣང་དང་སྤོབས་པ་ཡོད་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། འབད་བརྩོན་བྱས་ན་སེམས་ལ་འགྱུར་བ་འགྲོ་རྒྱུ་རེད། ངོས་ནས་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་ལོ་ ༧༠ ཕྱིན་འདུག བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་ལོ་ ༤༠ ནས་ ༥༠ ཕྱིན་འདུག ཚང་མ་མཁས་བཙུན་བཟང་གསུམ་ལྡན་པ་གནང་ཤོག་ཨང་། ཅེས་སོགས་ཀྱི་བཀའ་སློབ་རྩལ་རྗེས། བསྟན་འབར་མ་གསུང་འདོན་གནང་སྟེ་ཆུ་ཚོད་ ༩ དང་སྐར་མ་ ༤༧ ཙམ་ལ་བཀའ་ཆོས་ལེགས་པར་གྲོལ་ཡོད། 

ཐེངས་འདིར་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་ཞུ་མཁན་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གླིང་མཆོག་སྤྲུལ་རིན་པོ་ཆེ། བྱ་དོ་རིན་པོ་ཆེ། གཞན་ཡང་རིས་མེད་དགོན་སྡེ་ཁག་གི་མཁན་པོ་ལས་ཟུར་རྣམ་པ་དང་། བླ་སྤྲུལ་དགེ་བཤེས་བཅས་དང་། 

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་བློན་རྣམ་པ།   རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།  སྐྱ་སེར་ཕོ་མོ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ ༧༣ ཙམ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཁྲི་གསུམ་ལྷག་བཅར་འདུག གོང་ས་མཆོག་གི་གསུང་ཆོས་ཨིན་ཇི་དང་། ཧིན་དི། རྒྱ་སྐད། ཀོ་རི་ཡ། སི་པན། ཕ་རན་སི། ར་ཤི་ཡ། ཝི་ཏི་ནམ། ཨི་ཊ་ལི། པོར་ཇུ་གྷལ། སོག་སྐད། རྫོང་ཁ་སྟེ་འབྲུག་པའི་སྐད་བཅས་སྐད་རིགས་མི་འདྲ་བ་བཅུ་བཞིའི་ནང་གསུང་སྒྱུར་ཞུས་པ་བཅས།

 

Share with your friends










Submit