ཟླ་བ་ ༡༡ ཚེས ༡༦ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་དང་། དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་སོ་སོར་བོད་ཁམས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་འབྲི་ཆུ་རྒྱུགས་ཡུལ་དུ་ཐེངས་གཉིས་ཙམ་རི་ཉིལ་ནས་འབྲི་ཆུའི་བཞུར་རྒྱུན་ཚབས་ཆེ་འགག་ནས་གློ་བུར་དུ་མཚོ་ཆེན་པོ་དེ་འདྲ་ཆགས་པར་བརྟེན་ཧ་ལས་པའི་ཉེན་ཁ་ཆེན་པོ་ཆགས་ནས་ཁང་པ་བརྒྱ་ཕྲག་ཁ་ཤས་བེད་མེད་ཕྱིན་པ་དང་། སྟོང་ཕྲག་མང་པོར་རྐྱོན་ཤོར་བ། མི་གྲངས་དྲུག་སྟོང་ནས་དགུ་སྟོང་ཙམ་སོ་སོའི་སྡོད་གནས་བཞག་ནས་གནས་སྐབས་རིང་ཉེན་གཡོལ་དུ་འགྲོ་དགོས་རྒྱུ་སོགས་ཉེན་ཁ་དང་དཀའ་ངལ་ཆེན་པོ་འཕྲད་ཡོད། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་འབྲི་ཆུའི་འཁྱིལ་མཚོ་གློད་ཐུབ་ཡོད་ཀྱང་འབྲི་ཆུའི་འཁྱིལ་མཚོ་གློད་དེ་ཆུ་ཤུགས་ཆེན་པོ་རྒྱས་པའི་རྐྱེན་གྱིས་ཆུ་རྒྱུད་ཀྱི་རྫོང་ཁག་མང་པོ་ཉེན་ཁར་འཕྲད་དེ་ཟམ་པ་དང་སེམས་ཅན་སོགས་ཆུས་འཁུར་བའི་གནས་ཚུལ་ཡོང་བཞིན་འདུག་པ་དང་། འཁྱིལ་མཚོས་གནོད་སྐྱོན་ཚབས་ཆེན་ཕོག་པའི་འཇོ་མདའ་རྫོང་སྤོ་ལུ་དགོན་གྲོང་གཉིས་ཀྱི་མི་མང་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། འབྲི་ཆུའི་སྨད་རྒྱུད་ཀྱི་མི་མང་ལ་ཆུ་ཤུགས་ཆེན་པོས་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་སེམས་འཚབ་ཤུགས་ཆེ་གནང་བ་དང་སྦྲགས་གསུང་དོན།

༡ ༽ བོད་ཁམས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོར་རི་ཉིལ་བའི་རྒྱུ་རྐྱེན་ངོ་མ་གང་ཡིན་ཕྱི་གསལ་ནང་གསལ་དང་། ཚན་རིག་གི་བརྟག་དཔྱད་ལམ་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་ངེས་པར་དུ་བྱེད་དགོས།  བོད་ནང་སྤེལ་བཞིན་པའི་འཛུགས་སྐྲུན་ལས་གཞི་དེ་དག་ཐོག་ཉམས་ཞིབ་མཐིལ་ཕྱིན་པ་བྱས་ཏེ། ཉེ་ལམ་རི་ཉིལ་བའི་དོན་རྐྱེན་དང་། ལྷག་པར་བོད་མཐོ་སྒང་གི་ཁོར་ཡུག་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེ་དག་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པ་དང་། ཆུ་མཛོད་གསར་རྒྱག་ལས་གཞི་སྤེལ་བཞིན་པ། དེ་བཞིན་རི་ཁོག་བྲུས་ནས་གཞུང་ལམ་བཏོན་པ་སོགས་ལ་བརྟེན་ནས་ཡིན་མིན་རྟོག་ཞིབ་ངེས་པར་གནང་དགོས། 

༢ ༽ འབྲི་ཆུ་འགག་པར་བརྟེན་བོད་མི་སྟོང་ཕྲག་མང་པོ་ཉེན་གཡོལ་ཆེད་ས་གནས་གཞན་དུ་གནས་སྤོས་བྱས་པ་རྣམས་ལ་རོགས་རམ་གང་ཐུབ་གནང་དགོས་པ་མ་ཟད། དཀའ་ངལ་སེལ་ཐུབ་མཚམས་ཕྱིར་རང་གནས་སུ་སྡོད་ཁང་སོགས་ཉམས་གསོ་དགོས་རིགས་ལ་དུས་ཐོག་ཉམས་གསོ་འཐུས་སྒོ་ཚང་བ་གནང་དགོས། 

 ༣ ༽ རི་ཉིལ་བའི་དོན་རྐྱེན་ཐེངས་གཉིས་པ་དེ་འབྱུང་སྐབས་རྒྱ་ནག་གཞུང་གི་དོ་སྣང་ཞན་པ་ཙམ་མ་ཟད། གོད་ཆག་དེར་གདོང་ལེན་བྱེད་ཕྱོགས་དེ་དལ་ཞིང་ཛ་དྲག་གི་རྣམ་པ་གང་ཡང་མེད་པ་དེར་ང་ཚོ་ཧ་ཅང་སེམས་འཚབ་དང་འདོད་བློ་ཁེངས་པ་ཞིག་རྩ་བ་ནས་བྱུང་མ་སོང་། དཔེར་ན་རི་ཐེངས་གཉིས་པ་ཉིལ་རྗེས་ཉིན་དྲུག་རྗེས་གཞི་ནས་རྒྱ་མིའི་གཙང་གཟོའི་སྣུམ་འཁོར་ཆེ་བ་དེ་དག་འབྱོར་ཡོད་ཀྱང་། རི་ཉིལ་བའི་ས་སྙིགས་དེ་དག་གཙང་མ་བཟོ་རྒྱུར་ཉིན་ལྔ་འགོར་བ་རེད། དེར་བརྟེན་རི་ཉིལ་བའི་ཛ་དྲག་གི་དོན་རྐྱེན་དང་དེར་རྒྱ་ནག་གཞུང་གིས་ངལ་སེལ་ལས་གཞི་སྤེལ་ཕྱོགས་གཉིས་ཧ་ཅང་དོ་མི་མཉམ་པ་ཞིག་ཆགས་ཡོད།  དེར་བརྟེན་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ཛ་དྲག་སྔོན་འགོག་གི་ལས་དོན་རུ་ཁག་གྲ་སྒྲིག་བྱས་ནས་གོད་ཆག་རིགས་ནམ་བྱུང་སྐབས་འཕྲལ་མར་ངལ་སེལ་ལས་གཞི་སྤེལ་ཐབས་དགོས། དེ་འདྲ་བྱུང་ཚེ་མི་རྒྱུ་ཟོག་གསུམ་གོད་ཆག་གི་གནོད་འཚེ་ལས་སྐྱོབ་ཐུབ་རྒྱུ་རེད། ད་ཐེངས་རི་ཉིལ་བའི་དོན་རྐྱེན་དེ་འདྲ་བོད་ཀྱི་ས་གནས་གཞན་དུ་མི་ཡོང་སླད་ཛ་དྲག་སྔོན་འགོག་ལས་གཞི་ངེས་པར་དུ་སྤེལ་དགོས། 

Share with your friends










Submit