ཟླ་བ་ ༡༡ ཚེས ༡༦ ༢༠༡༨

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ ནས་ ༢༠ བར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས ༢༤རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར། བོད་ཀྱི་ཟློས་གར་ཚོགས་པ་གཙོས་པས་ས་གནས་ལྷ་མོ་ཚོགས་པ་ཁག་ ༦ ནས་གཞིས་བྱེས་བོད་མི་ཡོངས་དང། འཛམ་གླིང་གང་སར་བཞུགས་པའི་བོད་དོན་རྒྱབ་བསྐྱོར་བ་ཡོངས་ལ་ས་ཕག་གནམ་ལོ་གསར་བཞད་རྟེན་འབྱུང་འཚམས་འདྲི་བཀྲིས་བདེ་ལེགས་ཀྱིས་སྔོན་བསུས་ཏེ། བོད་ཀྱི་གནའ་བོའི་གཞུང་འབྲེལ་རིག་གཞུང་གི་དུས་སྟོན་ཡོངས་སུ་གྲགས་པ་གཅིག་པུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤པ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ཏུ་སྲུང་བརྩི་ཞུ་གཏན་འཁེལ་བའི་གསར་འགོད་གསལ་བསྒྲགས་ཞུ་རྒྱུར།

ཞོ་སྟོན་བྱུང་རབས།

བོད་ཁ་བ་གངས་ཅན་གྱི་ལྗོངས་ནི་རིག་གཞུང་གི་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པའི་ནང་གསེས་ལྷ་མོའི་སྒྱུ་རྩལ་ནི། དུས་རབས་བཅུ་བཞི་པའི་ནང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་བོད་དུ་གསར་གཏོད་མཛད་པའི་ཐུན་མོང་མ་ཡིན་པའི་ཕུལ་བྱུང་གི་སྒྱུ་རྩལ་སྙན་གྲགས་ཅན་ཞིག་ཡིན། རིམ་བཞིན་དུས་རབས་ ༡༧ པའི་ནང་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་༸དཔལ་ལྡན་འབྲས་དཀར་སྤུངས་པའི་ཞོ་སྟོན་དང་བསྟུན་གཞུང་འབྲེལ་འཁྲབ་སྟོན་ཐོག་མ་ཞུས་པ་ནས་བཟུང་བོད་ཀྱི་ཞོ་སྟོན་དུས་ཆེན་ཞེས་བོད་ས་མ་ཤོར་བར་ནོར་གླིང་ཕོ་བྲང་གི་སྡིངས་ཆའི་སྟེང་རྒྱལ་ཁར་བ། སྐྱོར་མོ་ལུང་པ། གཅུང་པ། ཤངས་པ་སོགས་ནས་སྒྱུ་རྩལ་འཁྲབ་སྟོན་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་དུས་ཆེན་གལ་ཆེ་ཞིག་ཡིན།

བྱས་སུ་ཞོ་སྟོན་དར་ཚུལ།

ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་ནས་བཙན་བཟུང་བྱས་རྗེས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་བོད་མི་འབུམ་ལ་ཉེ་བ་བཙན་བྱོལ་དུ་གྱར་དགོས་གྱུར་ནའང། བྱེས་སུ་འཁོད་མ་ཐག་མགོན་པོ་གང་ཉིད་ནས་མ་འོངས་སྔོན་གཟིགས་ཀྱི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་རིག་གཞུང་གི་བསྟི་གནས་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་བཀྲིན་ཆེ་བསྟུན་བོད་ཀྱི་ཞོ་སྟོན་སླར་གསོ་ཐུབ་པ་བྱུང། ཕྱི་ལོ་ ༡༩༩༣ ལོར་མགོན་པོ་གང་ཉིད་ཀྱི་བཀའ་འབྲེལ་བཞིན་བྱེས་སུ་དབུས་དང། ས་གནས་ལྷ་མོ་ཚོགས་པ་མཉམ་འདུས་ཐོག་བོད་ཀྱི་ཞོ་སྟོན་རྒྱས་པ་སླར་གསོ་ཐོག་མ་ཞུས་པ་ནས་ད་བར་མུ་མཐུད་སྲུང་བརྩི་ཞུ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ ནས་ ༢༠ བར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༤ པ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ཏུ་སྲུང་བརྩི་ཞུ་གཏན་འཁེལ་བ་དང། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༥ ཉིན་དབུ་འབྱེད་ཀྱི་མཛད་སྒོ་དང་ཟླ་ ༢ ཚེས་ ༢༠་ཉིན་མཇུག་བསྡོམས་མཛད་སྒོ་གནང་གཏན་འཁེལ་བ་ཡིན། འདི་ལོའི་ཞོ་སྟོན་གྱི་དཔལ་འབྱོར་རྒྱབ་རྟེན་ཨ་རི་ཐེབས་རྩ་ USAID ནས་མཐུན་བསྒྱུར་གནང་པར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། འདི་ལོའི་བོད་ཀྱི་ཞོ་སྟོན་དུ་མཉམ་བཞུགས་གནང་མཁན་བོད་ཀྱི་ཟློས་གར་ཚོགས་པ་གཙོས་པའི་ས་གནས་ཀྱི་ལྷ་མོ་ཚོགས་པ་ཁག་དྲུག་་ལྷན་འཛོམས་ཀྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་ཞུ་རྒྱུའི་ས་གནས།

དུས་ཚེས། ལྷ་གཞུང་གཤམ་གསལ།

ཟླ་ཚེས     ལྷ་མོ་ཚོགས་པ། འཁྲབ་གཞུང་།
༢༠༡༩།༢།༡༥   དབུ་འབྱེད་མཛད་སྒོ་དང་ཀ་སྦུག་ལྷོའི་ཚོགས་པ། པདྨ་འོད་འབར།              
༢༠༡༩།༢།༡༦         བལ་ཡུལ་ལྷོའི་ཚོགས་པ།    རྒྱ་བཟའ་བལ་བཟའ།  
༢༠༡༩།༢།༡༧  སྦེལ་ཀོབ་ལྷོའི་ཚོགས་པ།         གཟུགས་ཀྱི་ཉི་མ།
༢༠༡༩།༢།༡༨    མོན་གྷོ་ལྷོའི་ཚོགས་པ།     གཅུང་པོ་དོན་ཡོད་དོན་གྲུབ།
༢༠༡༩།༢།༡༩      ཀོ་ལེ་གྷལ་ལྷོའི་ཚོགས་པ།       སྣང་ས་འདོ་འབུམ།  
༢༠༡༩།༢།༢༠         མཇུག་བསྡོམས་མཛད་སྒོ་དང་བོད་ཀྱི་ཟློས་གར།   ས་སྐྱ་པཎ་ཌི་ཏ་དང་མཇུག་བསྡོམས་མཛད་སྒོ།

 

བཅས་གནའ་བོའི་སྐལ་བཟང་བོད་ཀྱི་རིག་གཞུང་གི་ཁྱད་ནོར་ཡོངས་སུ་རྫོགས་པ་རྒྱ་ཆེ་ཁྲོམས་འབངས་རྣམ་པའི་སྤྱན་ལམ་དུ་གཟིགས་འབུལ་ཞུ་གཏན་འཁེལ་བ་ལགས་ན། དེང་སྐབས་བོད་ཀྱི་རིག་གཞུང་འཆི་གསོན་གྱི་གནས་སུ་གྱར་བའི་གཉན་འཕྲང་གི་དུས་འདིར་རང་གི་ཁྱད་ནོར་ནོར་ཉམ་ཆོད་པ་གནང་སྟེ་བཟང་པོའི་ཡོན་ཏན་རྣམས་ཡིད་ལ་འཇགས་ཤིང། རྩ་བ་གཅིག་ལས་ཆས་པའི་བོད་རིགས་སྤུན་ཟླ་རྣམས་བློ་ཆོས་སུ་འཇུག་སྟེ་རང་རྒྱལ་གཞན་ཕམ་གྱི་དུག་གསུམ་ལས་གྲོལ་ཞིང། འཆམ་མཐུན་འོ་ཆུ་གཅིག་འདྲེས་ཀྱི་ངང་ནས་ཁྱད་ནོར་རིག་གཞུང་སྲུང་སྐྱོབ་གནང་བའི་འབོད་བསྐུལ་དང་སྦྲགས། རྩ་ཆེའི་རིག་གཞུང་ལ་བརྩེ་ཞེན་ལྡན་པའི་རྒྱ་ཆེ་མང་ཚོགས་གང་མང་གཟིགས་མོར་མཉམ་ཞུགས་ཡོང་བ་བཅས། །

Share with your friends










Submit