ཟླ་བ་ ༡༡ ཚེས ༢༡ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་༢༡ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་ཨོན་ཊེ་རིའོ་ Ontario མངའ་སྡེའི་རྒྱལ་ས་ཊོ་རོན་ཊོའི་ Toronto ནང་རྟེན་གཞི་བྱས་པའི་ཊོ་རོན་ཊོའི་མཐོ་སློབ་ཁང་ University of Toronto དུ་གསུང་བཤད་གནང་སྐབས་རྒྱ་མིའི་སློབ་ཕྲུག་ཚོས་ངོ་རྒོལ་བྱས་ཡོད།

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་གསུང་དོན། དེ་རིང་གི་མཛད་སྒོ་ནི་སྨྲ་བརྗོད་ཀྱི་རང་དབང་སྲུང་བརྩི་ཞུ་བཞིན་ཡོད། ཚོགས་ཁང་ནང་དུ་ཡོད་པའི་མི་མང་ཚོར་སྨྲ་བརྗོད་ཀྱི་རང་དབང་ཡོད་པ་ལྟར་ཚོགས་ཁང་གི་ཕྱི་ལོགས་ན་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཚོ་ལའང་སྨྲ་བརྗོད་ཀྱི་རང་དབང་གཅིག་མཚུངས་སུ་ཡོད། ཚོགས་ཁང་ནང་ཡོད་པའི་ཚོགས་བཅར་བ་ཚོར་མཚོན་ན་ཚོགས་ཁང་ནང་དྲོན་པོ་ཡོད་པའི་ཁེ་ཕན་ཡོད། འོན་ཀྱང་ཚོགས་ཁང་གི་ཕྱི་ལོགས་སུ་ལངས་ནས་བསྡད་ན་གྲང་ངར་ཆེན་པོ་ཡོད། ཅེས་ཀུ་རེའི་ཚུལ་དུ་གསུང་། 

ད་ལྟ་ཚོགས་ཁང་གི་ཕྱི་ལོགས་སུ་སློབ་ཕྲུག་ཚོས་ངོ་རྒོལ་རྒྱག་གི་ཡོད་པ་ལྟར། ཁོང་ཚོས་རྒྱ་ནག་ནང་དེ་ལྟར་ངོ་རྒོལ་རྒྱག་མི་ཐུབ། གལ་ཏེ་སློབ་ཕྲུག་ཚོས་རྒྱ་ནག་ནང་དེ་ལྟར་ངོ་རྒོལ་བརྒྱབ་པ་ཡིན་ན། རྒྱ་ནག་གཞུང་གིས་ཁོང་ཚོ་མང་པོ་ཞིག་འཛིན་བཟུང་བྱས་ཏེ་བཙོན་ཁང་ནང་འཇུག་གི་རེད། ཅེས་གསུང་། ཚོགས་བཅར་བ་རྒྱ་མིའི་སློབ་ཕྲུག་ཅིག་གིས་བོད་ཀྱི་འགོ་ཁྲིད་སུའི་གནང་དགོས་སམ་ཞེས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དྲི་བ་བཏང་སྐབས། དེའི་ལན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་པས་བོད་ཀྱི་འགོ་ཁྲིད་ངེས་པར་དུ་བྱེད་དགོས་ཞེས་ལན་འདེབས་གནང་།  འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེར་བོད་པ་ཞིག་སླེབས་མྱོང་མེད།   བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ད་བར་ཧན་རྒྱ་རིགས་ཤ་སྟག་རེད། རྒྱ་ནག་གི་རྒྱབ་ཤ་དཀར་པོའི་ཡིག་ཆའི་ནང་བོད་ཀྱི་བདག་པོ་བོད་མི་ཡིན་ཞེས་འཁོད་ཡོད་ཀྱང་།  བོད་རང་སྐྱོང་ལྗོངས་ནང་གི་བོད་མི་ཚོས་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་མྱོང་བཞིན་ཡོད། བོད་མི་ཞིག་རྒྱ་རིགས་ལས་ལྷག་ཆ་རྐྱེན་ཚང་གི་ཡོད་ནའང་། རང་སྐྱོང་ཁུལ་དང་རྫོང་རིམ་པའི་གཞུང་གིས་གོ་གནས་མཐོ་བ་ཞིག་ནམ་ཡང་སྤྲོད་ཀྱི་མེད།

གལ་ཏེ་སང་ཉིན་བོད་ནང་འོས་འདེམས་བྱས་པ་ཡིན་ན། ཏན་ཏན་ང་འོས་ཐོབ་ཀྱི་རེད། དེ་ནི་ཕྲན་བློ་བཟང་སེངྒེ་ཡིན་པའི་རྒྱུ་མཚན་མ་ཡིན་པར། ཕྲན་བོད་པ་ཡིན་པའི་ཆ་ནས་རེད།

རྒྱ་རིགས་སློབ་མ་ཞིག་གིས། ང་བོད་ལ་འགྲོ་མྱོང་ཡོད་པ་མ་ཟད། བོད་ཡིག་འཛིན་གྲྭ་འཚོགས་ཀྱི་ཡོད་པ་དང་། དེ་བཞིན་རྟག་པར་སྔ་དྲོ་སློབ་ཕྲུག་ཚོས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་ལེན་གྱི་འདུག དེར་ཁྱེད་རང་གིས་འགྲེལ་བརྗོད་ཇི་ལྟར་གནང་རྒྱུ་ཡིན་ནམ་ཞེས་སྲིད་སྐྱོང་མཆོག་ལ་དྲི་བ་བཏང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་རིགས་སློབ་ཕྲུག་ཚོས་དྲི་བ་བཏང་བར་ཐུགས་རྗེ་ཆེ་གསུང་པ་དང་སྦྲགས། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཞིག་བོད་ལ་ཕྱིན་ནས་བོད་མི་ཞིག་ལ་ཁྱེད་རང་སྐྱིད་པོ་འདུག་གམ་ཞེས་དྲི་བ་དྲིས་ན། བོད་མི་དེས་ཏན་ཏན་ང་ཧ་ཅང་སྐྱིད་པོ་འདུག་ཅེས་ལན་འདེབས་གནང་གི་རེད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཉེན་རྟོག་པ་དང་། དམག་མི། གསང་བའི་མི་སྣ་སོགས་རྒྱ་རིགས་རེད། གལ་ཏེ་བོད་མི་ཞིག་གིས་ལན་དྲང་པོར་བརྒྱབ་པ་ཡིན་ན། རང་ཉིད་ལམ་ལོག་པར་འགྲོ་རྒྱུ་ངེས་པ་རེད།

དཔལ་ལྡན་སྲིད་སྐྱོང་མཆོག་གི་མཇུག་སྡོམ་གསུང་བཤད་སྐབས་རྒྱ་རིགས་སློབ་མ་ཞིག་གིས། མ་འོངས་པར་ཁོང་ཚོས་བོད་རྒྱ་གཉིས་དབར་བགྲོ་གླེང་གི་ཚོགས་འདུ་དེ་འདྲ་བསྐོང་ཐུབ་ཀྱི་ཡོད་དམ་ཞེས་དྲི་བ་དྲིས་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡིན་དང་ཡིན། ཁྱེད་ཚོས་འདི་འདྲ་བའི་ཚོགས་འདུ་བསྐོང་རོགས་གནང་ཞེས་སྐུལ་མ་གནང་ཡོད་པ་བཅས། །

Share with your friends










Submit