ཟླ་བ་ ༡༡ ཚེས ༡༩ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཟླ་བ།

༄༅།།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཧེ་ལི་ཕེག་སིའི་ནང་དུ་རྒྱལ་སྤྱིའི་བདེ་འཇགས་ལྷན་ཚོགས།  The Halifax International Security Forum  ཞེས་པའི་ཐོག་མཉམ་ཞུགས་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༦  ནས་ ༡༨ བར་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་ནི། འཛམ་གླིང་ནང་དར་ཁྱབ་ཆེ་བའི་གུ་ཡངས་ཅན་གྱི་མང་གཙོའི་ལམ་ལུགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ལ་རྒྱ་ནག་དང་ཨུ་རུ་སུའི་གདོང་ལེན་བྱེད་བཞིན་པའི་སྐོར་ཡིན་འདུག

ལྷན་ཚོགས་དེའི་ཐོག་ཨ་རིའི་དམག་སྤྱི་གཙོས་པའི་དམག་སྤྱི་གཞན་ཁག་གཅིག་དང་། དེ་བཞིན་གྲོས་ཚོགས་འཐུས་མི་སོགས་རྒྱལ་ཁབ་ཁག་ ༩༠ ནས་གནད་ཡོད་མི་སྣ་ཚོགས་མི་ཁྱོན་བསྡོམས་ ༣༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།

ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་སྐབས་འཛམ་གླིང་གི་གྲགས་ཅན་འགོ་ཁྲིད་ཚོ་ལྷན་འཛོམས་ཐོག་འཛམ་གླིང་མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་བདེ་འཇགས་དང་འཐབ་བྱུས་མཉམ་འབྲེལ་བྱེད་ཕྱོགས་ཐོག་བགྲོ་གླེང་གནང་ཡོད། 

སྐབས་དེར་དཔལ་ལྔན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གིས་འཛམ་གླིང་ཐོག་གནོན་ཤུགས་སྤེལ་བཞིན་པའི་དུས་སྐབས་འདིར་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་རང་བཞིན་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། NATO Alliance ཞེས་པའི་སྒྲིག་འཛུགས་དེ་བཞིན་རྒྱལ་སྤྱིའི་ནང་མང་གཙོའི་རིན་ཐང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་ནའང་། དེང་སྐབས་ཡུ་རོབ་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ལ་བརྟེན་ནས་རྒྱལ་ཁབ་ཁག་ ༡༦ ལྷག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་རིན་ཐང་ཐོག་གླེང་སློང་གནང་གི་མེད་པ་དེ་ནི་སེམས་འཚབ་རང་བཞིན་ཅན་དུ་གྱུར་ཡོད། ཅེས་སོགས་གསུང་གནང་འདུག

སྤྱིར་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ཚོགས་པ་འདི་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཚོང་གི་ཁེ་ཕན་དང་ཕྱོགས་ལྷུང་མེད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེས་སྲིད་གཞུང་ཁག་དང་དམག་སྡེ་དང་དཔལ་འབྱོར་སྡེ་ཚོགས། དེ་བཞིན་ཤེས་ཡོན་དང་ཚོང་ལས། གསར་འགྱུར་བརྒྱུད་ལམ་སོགས་སྡེ་ཚན་འདྲ་མིན་ཁག་གི་དབུ་ཁྲིད་དང་ལས་ཀྱི་སྣེ་མོ་བ་རྣམས་ལ་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་སྲུང་དང་། དེ་བཞིན་འཛམ་གླིང་ནང་མང་གཙོ་འཕེལ་རྒྱས་དང་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་ཐོག་ལ་གོ་བསྡུར་སྦྱང་བཤད་གནང་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་འདུག །

Share with your friends










Submit