ཟླ་བ་ ༡༠ ཚེས ༢༩ ༢༠༡༨
Published By ngawang thokmey

 ༢༠༡༨ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བ།

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩  ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བསྟི་གནས་ཁང་ IIC དུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ “ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོན་ཀྱང་བོད་ཀྱི་གནད་དོན་གསལ་བའི་ཐབས་ལམ་ཉག་གཅིག་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་ཡིན།” ཞེས་པའི་དཔེ་དེབ་ཅིག་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་རྒྱ་གར་གྱི་གཙུག་ལག་སློབ་དཔོན་སྐུ་ཞབས་ཨཱ་ནནྡ་ཀུ་མཱར་མཆོག་རྣམ་གཉིས་ཀྱིས་དབུ་འབྱེད་གནང་འདུག 

དེ་ཡང་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས། “རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར། བོད་དེ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་གལ་འགངས་ཆེ་བའི་གདན་དོན་ཞིག་མུ་མཐུད་གནས་དགོས་དོན་གང་ཡིན་ནམ། ”  ཞེས་པའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག སྐབས་དེར་མཁས་དབང་དང་། གསར་འགོད་པ། ཆེད་ལས་མི་སྣ་སོགས་ཕེབས་འདུག་པ་དང་།  སྐུ་མགྲོན་སྐུ་ཞབས་ཨཱ་ནནྡ་ཀུ་མཱར་མཆོག་གིས་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་འབད་བརྩོན་ཆེན་པོའི་ཐོག་ནས་དེབ་དེ་འདྲ་ཞིག་འདོན་སྤེལ་གནང་བར་བསྔགས་བརྗོད་དང་སྦྲགས་གསུང་དོན།  བོད་ནང་གི་དངོས་ཡོད་གནས་སྟངས་ལ་བརྟེན་ནས་རྒྱ་ནག་དམར་ཤོག་རིང་ལུགས་དེ་ལམ་ལྷོངས་བྱུང་མེད་པ་གསལ་པོར་རྟོགས་ཐུབ། རྒྱ་ནག་གི་དབང་སྒྱུར་འོག་ནང་པ་ཙམ་མ་ཟད། ཆོས་དད་གཞན་ཚོར་ཡང་དཀའ་ངལ་འཕྲད་བཞིན་ཡོད།

 

སྤྱིར་རྒྱ་སྐྱེད་རིང་ལུགས་ལ་མདུན་ལམ་མེད། འཛམ་གླིང་ཞི་བདེ་ལྡན་པ་ཞིག་ཡོང་བར་ཐོག་མར་བོད་ནང་རང་དབང་སླར་གསོ་ཐུབ་པ་དགོས། བོད་ནང་རང་དབང་སླར་གསོ་བྱ་རྒྱུའི་འགན་དེ་རྒྱ་གར་དང་འཛམ་གླིང་ཁྱོན་ལ་ཡོད་པ་རེད།  བོད་ནང་རང་དབང་བསྐྱར་གསོ་བྱུང་མཚམས་རྒྱ་གར་གྱི་བདེ་འཇགས་ལའང་ཕན་ཐོགས་ཡོང་ངེས་པ་ཞིག་ཡིན་སྟབས། བོད་ཀྱི་གནད་དོན་ལ་མུ་མཐུད་སྣང་ཆུང་དུ་བཞག་པ་ཡིན་ན་ཤེས་བཞིན་དུ་རང་གིས་རང་ལ་མགོ་སྐོར་བཏང་བ་དང་མཚུངས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་འཕྲལ་ཕུགས་རྒྱང་གསུམ་གང་ནས་བལྟས་ཀྱང་རྣམ་དཔྱོད་ལྡན་པའི་བཞེངས་ཕྱོགས་ཤིག་དང་། འཆམ་མཐུན་དང་ཞི་བདེ་བརྟན་ལྷིང་ལྡན་པའི་ཨེ་ཤི་ཡའི་གླིང་ཆེན་ཞིག་བསྐྲུན་རྒྱུ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ཡིན།  དེ་ནི་ང་ཚོའི་ (རྒྱ་གར་) དགོས་འདུན་ཡང་རེད། ཅེས་སོགས་གསུངས།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསུང་པ་དང་སྦྲགས་བོད་མིའི་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གསལ་བཤད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་པར་བརྟེན་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་དུ་བོད་མི་ ༡༥༢ རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་།  ཕྱོགས་མཚུངས་རྒྱ་ནག་གཞུང་གིས་ཁ་ཆེ་དང་ཡེ་ཤུ། དེ་བཞིན་བོད་བརྒྱུད་ནང་བསྟན་བཅས་ཆོས་ལུགས་སོ་སོའི་སྲོལ་རྒྱུན་གྱི་ལམ་སྲོལ་དང་ཐད་ཀར་འབྲེལ་བ་ཡོད་པའི་བླ་ཆེན་དང་བླ་སྤྲུལ་བསྐོ་འདེམས་བྱེད་ཕྱོགས་དང་།  ཡང་སྲིད་རྩད་འཚོལ་ལམ་ལུགས་སོགས་ལ་ཐེ་བྱུས་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། བོད་བརྒྱུད་ནང་བསྟན་ལ་མཚོན་ན།  བླ་སྤྲུལ་རྩད་འཚོལ་ལམ་ལུགས་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་དེ་འབྲེལ་ཡོད་བླ་མ་སྐྱེས་ཆེན་དམ་པ་རྣམས་ལ་ཡོད་སྐོར་གསུངས།

 

དེ་བཞིན་ཡུན་རིང་ལུས་པའི་བོད་རྒྱའི་གནད་དོན་གསལ་བའི་ཐབས་ལམ་ཉག་གཅིག་ནི། དབུ་མའི་ལམ་གྱི་སྲིད་བྱུས་ཡིན་པར་བརྟེན་རྒྱ་ནག་གཞུང་གིས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པ་གལ་ཆེ་ཡིན་སྐོར་གསུངས།

དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ཨིན་རྒྱ་གསུམ་བཅས་སྐད་ཡིག་གསུམ་ནང་ཡོད་པའི་དེབ་དེ་རྩོམ་སྒྲིག་གནང་མཁན་མི་ ༡༨ ལ་ཐུགས་རྗེ་ཆེ་གསུངས།  ཕྱོགས་མཚུངས་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། ང་ཚོ་དེ་རིང་འདིར་འཛོམས་ནས་སྐད་ཆ་ཤོད་བཞིན་པའི་སྐབས་འདིར་རྒྱ་ནག་ལྷོ་ཤར་ཕུ་ཇི་ཡེན་ཞིང་ཆེན་དུ་ Fujian Province འཛམ་གླིང་ནང་པའི་ཚོགས་ཆེན་ཐེངས་ ༥ ཟེར་བ་འཚོགས་བཞིན་ཡོད།

 

ཉིན་གསུམ་ལྷན་ཚོགས་སྐབས་དེར་ནང་ཆོས་དང་རྒྱུད་གཅིག་ལམ་གཅིག དེ་བཞིན་རྒྱ་མཚོའི་ནང་གི་དར་གོས་ལམ་གྱི་སྐོར་སྐད་ཆ་རྐྱང་རྐྱང་བཤད་ནས་ཡོད། ཐེངས་འདིར་དེབ་འདི་འདྲ་ཞིག་བཏོན་པ་བརྒྱུད་རྒྱ་ནག་གཞུང་གིས་བོད་དོན་སྐོར་འཁྱོག་བཤད་བྱེད་བཞིན་པ་དེར་ང་ཚོས་ལན་འདེབས་བྱེད་པ་ཞིག་ཆགས་ཡོད། དེབ་འདིའི་ནང་བོད་ཀྱི་འདས་པ་དང་། ད་ལྟ་བ། མ་འོངས་པའི་གནས་སྟངས་སྐོར་ཞིབ་ཕྲ་འཁོད་ཡོད་བཅས་གསུངས།

Share with your friends










Submit