ཟླ་བ་ ༩ ཚེས ༡༤ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༤ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ SARD གོ་སྒྲིག་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་ལ་དམིགས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ ནས་ ༡༦ བར་ཉིན་གྲངས་བཞིའི་རིང་ལྔ་དང་ལྔ་བཅུའི་རྒྱལ་སྤྱིའི་ལྷན་ཚོགས་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པའི་ཐོག་རྡ་སྟེང་བོད་ཁྱིམ་ཉེ་འགྲམ་དུ་ཡོད་པའི་ Hotel Fortune Moksha ཞེས་པའི་གསོལ་མགྲོན་ཁང་དུ་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་རི་ཐེབས་རྩའི་ཨེ་ཤི་ཡ་ཁུལ་གྱི་འཛིན་སྐྱོང་འགན་འཛིན་ལས་རོགས་ལྕམ་སྐུ་ཨན་མཱ་རི་ཡ་སི་ཏིས་ཧོཀ Ann Marie Yastishock མཆོག དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། མཁས་པ་དང་། ཁྱད་མཁས་མི་སྣ། སློབ་སྟོན་པ། རོགས་ཚོགས་ཀྱི་སྐུ་ཚབ། སྤྱི་ཚོགས་ཀྱི་འཐུས་མི། བོད་ཀྱི་གྲོགས་པོ་གྲོགས་མོ་སོགས་ཁྱོན་ཚོགས་བཅར་བ་མི་གྲངས་ ༢༥༠ ལྷག་ཙམ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་།
དེ་ནས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་མཚམས་འདྲི་དང་སྦྲགས་དགའ་བསུའི་གསུང་བཤད་གནང་དོན། དེ་རིང་གི་ཚོགས་འདུ་འདི་བཀའ་ཤག་གིས་ལམ་སྟོན་གཞིར་བཟུང་དཔལ་འབྱོར་ལས་ཁུངས་ངོས་ནས་ཆེད་མངགས་བརྗོད་གཞི་གཙོ་བོ་བཞི་སྟེ། དང་པོ། བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱེད་དགོས་པ། གཉིས་པ་ཤེས་ཡོན་གོང་སྤེལ་ཇི་ལྟར་གཏོང་དགོས་པ། གསུམ་པ། བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ངོ་ཚོས་འགན་ཇི་ལྟར་འཁྱེར་དགོས་པ། བཞི་པ། སྤྱི་ཚོགས་འཚོ་རྟེན། སྤྱི་ཚོགས་ཀྱི་དཔལ་འབྱོར་ཟེར་གྱི་ཡོད་ནའང་འདྲ། སྤྱི་ཚོགས་སྲ་བརྟན་བཅས་བརྗོད་གཞི་གཙོ་བོ་བཞིའི་ཐོག་བཀའ་ཤག་གིས་ལམ་སྟོན་ཕེབས་པ་ནང་བཞིན་གོ་སྒྲིག་ཞུ་ཁུལ་རེད། དེའི་ནང་ང་ཚོས་སྔ་ས་ནས་བརྗོད་གཞི་བཞིའི་ཐོག་རྒྱབ་ལྗོངས་ཡིག་ཆ་དེ་དག་མཁས་དབང་དང་འབྲེལ་ཡོད་ལྷན་ཁང་ཁག་ཚང་མ་དང་གོ་བསྡུར་བྱས་པའི་ཐོག་ནས་རྒྱབ་ལྗོངས་ཡིག་ཆ་བཟོས་པ་དང་། དེ་དང་ཕྱོགས་མཚུངས་བོད་ཡིག་ནང་སྒྱུར་རྒྱུའི་འབད་བརྩོན་ཞུས་ནས་གང་ཐུབ་ནོར་འཁྲུལ་མི་བྱུང་བའི་འབད་བརྩོན་ཞུས་ཡོད། འོན་ཀྱང་མིའི་ལས་ཀ་མིས་བྱེད་ཀྱི་ཡོད་སྟབས། སྐབས་རེ་དག་ཆ་དང་ཚིག་རེ་གཉིས་ནོར་འཁྲུལ་ཡོང་སྲིད་པ་དེ་དག་ཆེད་མངགས་ནོར་འཁྲུལ་བཏང་བ་མིན། ཡིག་ཆ་ཚང་མ་གང་ཐུབ་ཨིན་བོད་ཤན་སྦྱར་ཡོང་རྒྱུའི་འབད་བརྩོན་གཙོ་བོ་འགན་ཁུར་ནས་བྱས་ཡོད་ཞུ་རྒྱུ་ཡིན།

དེ་བཞིན་དེ་རིང་གི་ཚོགས་འདུ་འདིའི་ནང་ཧ་ལམ་རྒྱལ་ཁབ་ ༢༠ ཙམ་ནས་སྡེ་ཚན་ཁག་མང་པོ་ཞིག་ནས་ཚོགས་བཅར་བ་ ༢༢༠ ཙམ་འདིར་ཕེབས་ཡོད་པ་དེ་དག་ཚང་མས་བཀའ་ཤག་གི་དགོངས་པ་ནང་བཞིན་འདས་པའི་ལོ་ ༥༠ དང་། གལ་ཏེ་མ་འོངས་པར་ལོ་ ༥༠ ལྷག་པ་ཡིན་ན། གང་འདྲ་བྱེད་ཀྱི་རེད། དེའི་སྒང་གྲོས་བསྡུར་བྱེད་རྒྱུ། ལྷག་པར་ང་ཚོའི་རོགས་ཚོགས་རྙིང་པ་དང་གསར་པ། དེ་བཞིན་རོགས་སྐྱོར་བྱེད་རྒྱུའི་འདོད་པ་ཡོད་པ་དང་འབྲེལ་བ་ཆད་པ་ཚང་མ་རུབ་རུབ་བཟོས་པའི་ཐོག་ནས་སྡིངས་ཆ་མཉམ་སྤུངས་ཀྱིས་འཆར་གཞི་བཟོས་པ་རེད། ཚོགས་འདུ་འདི་ཉིད་གང་ཐུབ་ཕན་ཐོགས་ལྡན་པ་ཡོང་རྒྱུའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཚོགས་འདི་བརྒྱུད་སྤྱི་ཚོགས་ལ་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ཡིན་ནའང་མི་མང་ཚང་མའི་བདེ་བ་སྡུག་བསྔལ་བརྒྱ་ཆ་ ༡༠༠ ཐམ་པ་ལྟ་ཐུབ་མཁན་ཡོང་ཐུབ་ཐབས་མེད། ང་རང་ཚོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་དང་། མི་ཐོག་རྒན་པ་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་ད་ལྟ་འཚོ་བཞིན་ཡོད་སྟབས། མ་འོངས་པར་ད་དུང་ཡར་རྒྱས་ཇི་ཙམ་གཏང་དགོས་འདུག ག་བར་འཐུས་ཤོར་འདུག དེ་དག་ལ་བགྲོ་གླེང་གཙོ་བོ་བྱེད་པའི་ཐོག་ནས་བརྗོད་གཞི་དེ་དག་བཞག་པ་རེད། དེར་བརྟེན་རྣམ་པ་ཚོ་འདིའི་ཐོག་ཆ་ཤས་གང་མང་བཞེས་རྒྱུའི་རེ་བ་བྱེད་ཀྱི་ཡོད།
གཞན་ཡང་དེ་རིང་གི་ཚོགས་འདུ་འདི་ Hotel Fortune Moksha,ICT ནང་ཚོགས་པ་རེད། འདིར་ཚོགས་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་མང་པོ་ཡོད་པ་རེད། མགྲོན་ཁང་རྫིག་པོ་འདུག་ཅེས་སོགས་གསུང་སྲིད་པ་རེད། ཐེངས་འདིའི་ཚོགས་འདུ་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་འདྲ་མིན་ནས་ང་ཚོའི་གྲོགས་པོ་རྙིང་པ་མང་པོ་ཕེབས་ཡོད། མགྲོན་ཁང་འདིའི་ནང་ཚོགས་འདུ་ཚོགས་སླད་འདི་ལོའི་ཕྱི་ཟླ་ ༢ ནང་སྐད་ཆ་བཤད་པ་རེད། ཐོག་མར་ལས་བྱེད་གཅིག་ཕྱིན་ནས་ཆག་ཡང་ཞུས་པ་རེད། དེ་ནས་སྐལ་རྡོར་ལགས་ཆེད་མངགས་ཕྱིན་ནས་སླར་ཡང་ཆག་ཡང་ཞུས་པ་རེད། མཐར་ཕྲན་རང་ཕྱིན་ནས་གང་ཙམ་ཆག་ཡང་ཚད་མཐོ་བོ་ཐོབ་ཡོད།
གལ་ཆེ་ཤོས་ནི། ད་རེས་ཚོགས་འདུ་ཚོགས་ནས་སྙིང་དོན་འཐོན་པ་ཁག་ལ་མ་འོངས་པར་ལས་དོན་བྱ་རྒྱུ་དེ་བས་གལ་ཆེ་བ་རེད། དཔེར་ན། བཅའ་ཁྲིམས་དོན་ཚན་ ༡༥ ནང་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་གསུམ་ཡོད་པའི་ནང་ནས་དང་པོ་ནི། བོད་དོན་བདེན་མཐའ་གསལ་ཐབས་གསུང་ཡོད། བོད་དོན་བདེན་མཐའ་གསལ་ཐབས་ནི། བཀའ་ཤག་གིས་ལོ་ལྔའི་ནང་ཇི་ལྟར་བོད་ནང་ལོག་ཐུབ་ཐབས་འབད་བརྩོན་བྱེད་དགོས་པ་དེ་ཨང་དང་པོ་རེད། དེ་ལྟར་མ་བྱུང་བ་ཡིན་ནའང་ང་ཚོས་ག་འདྲ་བྱེད་དགོས་འདུག་བསམ་བློ་གཏང་དགོས། དོན་ཚན་གཉིས་པ་ནི། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས་རེད། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས་སུ་ཚོགས་འདུ་འདི་ལྟ་བུ་ཚོགས་པ་བརྒྱུད་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ནས་ ༨ བར་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གཙོ་བོ་ཆབ་སྲིད་ཀྱི་གནད་དོན་ཐོག་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཤིག་གོ་སྒྲིག་གནང་བ་མ་ཟད། དེ་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༧ ནས་ ༢༠ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག གཞོན་སྐྱེས་ལྔ་དང་ལྔ་བཅུའི་ལྷན་ཚོགས་གོ་སྒྲིག་གནང་ཡོད། ད་རེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་རྒྱུན་སྐྱོང་གི་ཚོགས་འདུ་འདི་བརྒྱུད་བཅའ་ཁྲིམས་ནས་སྐུར་བའི་ལས་འགན་གཉིས་པ་དེ་སྒྲུབ་རྒྱུར་འབད་བརྩོན་ཞུས་པའི་ཁུལ་རེད། དེ་ལ་ཆ་ལག་ཟུར་བཞི་ནས་འདེགས་པ་ཡིན་ན་ང་ཚོ་སླེབ་ས་ཞིག་ལ་སླེབ་གི་རེད་བསམ་གྱི་འདུག
བཅའ་ཁྲིམས་ནས་སྐུར་བའི་ལས་འགན་གསུམ་པ་ནི། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་རེད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སླད་འདི་ནས་ཐད་ཀར་བྱེད་རྒྱུ་གང་ཡང་མེད་ནའང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ང་ཚོས་གང་བྱེད་དགོས་འདུག་འདི་གཅིག་ཡིན། དེ་ནས་ད་རེས་ཚོགས་འདུ་འདི་གོ་སྒྲིག་ཞུས་སླད་ང་ཚོ་ངོས་ནས་གང་ཐུབ་གོ་སྒྲིག་ཞུ་རྒྱུའི་འབད་བརྩོན་ཞུས་ཡོད། འོན་ཀྱང་བཞུགས་ཡུལ་དང་མཐུན་རྐྱེན་སོགས་ཀྱི་དཀའ་ངལ་ཡོད་སྲིད་པ་རེད། ཅེས་ཞུ་རྒྱུ་ཡིན།
མཐའ་མ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བསྟན་པ་དང་། གཞིས་བྱེས་མཉམ་འཛོམས་ཡོང་བ། དེ་རིང་གི་ཚོགས་འདུ་འདི་ཚོགས་རྗེས་དོན་སྙིང་ཁག་བཀའ་ཤག་ལ་འབུལ་ནས་མ་འོངས་པར་ཁ་ཕྱོགས་གསར་པ་ཞིག་ལ་འགྲོ་ཐུབ་པའི་ངས་རེ་བ་དང་ཡིད་ཆེས་ཞུ་ཡི་ཡོད། འདིར་ཕེབས་མཁན་ཡོངས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །

Share with your friends










Submit