Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༡ རེས་གཟའ་ལྷག་པ།

༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངག་དབང་ཐོགས་མེད་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལྡུམ་ར་བདེ་སྐྱིད་བཀྲ་ཤིས་ཆོས་གླིང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལྡུམ་ར་སེར་སྐྱ་མང་ཚོགས་རྣམས་ལ་བློ་སྦྱོང་ཚིགས་བརྒྱད་མ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག དེ་ནས་ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་ཉེ་འགྲམ་སུ་མུར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བསམ་གཏན་གླིང་དགོན་པར་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་ལ་དྭགས་དབྱར་ཆོས་ཆེན་མོ་ཕྱི་ཚེས་ ༡༥ ཉིན་ཚུགས་རྒྱུ་ཡིན་སྟབས་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག

དེ་ཡང་ལ་དྭགས་རྒྱལ་ས་སླེ་ནས་རྒྱང་ཐག་སྤྱི་ལེ་ ༡༢༠ ཙམ་གྱི་སར་བྱང་ཕྱོགས་སུ་ཆགས་པའི་མཛེས་སྡུག་ལྡན་པའི་ལྡུམ་ར་ས་གནས་ནི། རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཊི་  ༡༠༠༠༠  ཡོད་ཅིང་། ཐོན་ཁུངས་གཙོ་བོ་ནས་དང་བྲོ། ཁམ་བུ། སྟར་ཁ། ཀུ་ཤུ། སྲན་མ་སོགས་ཡིན། བདེ་དགོན་བཀྲ་ཤིས་ཆོས་གླིང་གི་གཤམ་འོག་ཏུ་བདེ་སྐྱིད་གྲོང་ཡོད་ཅིང་། གྲོང་ཁྱེར་དེའི་ནང་དུད་ཚང་གྲངས་ ༤༠༠ ལྷག་ཙམ་སྡོད་ཀྱི་ཡོད་འདུག ལམ་སྟོན་སློབ་གྲྭས་གཙོས་སློབ་གྲྭ་བཞི་ཙམ་དང་། མཐོ་སློབ་གཅིག་ཡོད། བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནི་ཕྱི་ལོ་ ༡༤༣༣ ལོར་རྗེ་རིན་པོ་ཆེའི་དངོས་སློབ་རྗེ་བཙུན་བྱང་སེམས་ཤེས་རབ་བཟང་པོ་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་ཞིང་། དགོན་དེའི་ནང་ད་ལྟ་སློབ་གཉེར་བ་དྲུག་ཅུ་རེ་ལྔ་ཙམ་ཡོད་ཅིང་། དགོན་པའི་དབུ་བླ་ཁྲིག་རྩེ་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་ཡིན་ཞིང་། ཁོང་སྐུ་ཕྲེང་དགུ་པ་ཡིན་འདུག

མཐོ་ཚད་མི་ཊར་ ༣༢ ཅན་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན། ༢༠༡༠ ཟླ་ ༧ ཚེས་ ༢༥ ཉིན་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་བཀའ་དྲིན་སྩལ།

དགོན་པའི་སློབ་གྲྭར་མཚོན་ན་འཛིན་རིམ་དང་པོ་ནས་ལྔ་པ་བར་ཡོད་པ་དང་། བོད་ཡིག ཧིན་དི། ཨིན་ཇི། ཨང་རྩིས། ཚན་རིག་བཅས་སློབ་ཁྲིད་གནང་བཞིན་ཡོད། སློབ་ཕྲུག་བཅོ་ལྔ་ཙམ་ཡོད་པ་དང་། བདེ་དགོན་ནས་བཀྲིས་ལྷུན་པོ་གཙོ་བོར་གྱུར་བའི་སེར་འབྲས་དགའ་གསུམ་ལ་གྲྭ་རྒྱུན་ཕེབས་སྲོལ་ཡོད། ལོ་གཅིག་ནང་གདན་ས་བཀྲིས་ལྷུན་པོ་ནས་བཀའ་ཆེན་གཅིག་དང་གདན་ས་ནས་དགེ་བཤེས་གཅིག་ལོ་ལྟར་བདེ་སྐྱིད་དགོན་དུ་ཕེབས་ནས་ནང་པའི་ལྟ་གྲུབ་ངོ་སྤྲོད་དང་རིག་ལམ་སློབ་ཁྲིད་གནང་སྲོལ་ཡོད་པ་མ་ཟད། ཚེས་བཟང་དུས་བཟང་སྐབས་ཡུལ་མི་དང་ཉེ་འཁོར་གྱི་གྲོང་གསེབ་དང་སློབ་གྲྭ་སོགས་སུའང་ནང་པའི་ལྟ་གྲུབ་ངོ་སྤྲོད་གནང་སྲོལ་ཡོད་འདུག
བདེ་སྐྱིད་གྲོང་ཁྱེར་ནང་ཡུལ་མི་བརྒྱ་ཆ་དགུ་བཅུ་ཙམ་ནང་པ་དང་བརྒྱ་ཆ་བཅུ་ཙམ་ཁ་ཆེ་ཡིན་ཡང་ཕན་ཚུན་མཐུན་འབྲེལ་ཧ་ཅང་ཡག་པོ་ཡོད་འདུག དཔེར་ན་ཁ་ཆེ་བ་ཚོ་ནང་པའི་དུས་ཆེན་སྐབས་ནང་པ་ཚོས་མགྲོན་འབོད་ལྟར་ལོ་ལྟར་ཕེབས་ཀྱི་ཡོད་པ་མ་ཟད། ནང་པའི་ཁྱིམ་ཚང་ནས་མི་འདས་གྲོང་སོགས་བྱུང་ཚེ་ཁ་ཆེའི་ཡུལ་མི་ཚོས་ཞུགས་འབུལ་ཆེད་ཤིང་ཞལ་འདེབས་གནང་་སྲོལ་ཡོད་པ་དང་། ལྷག་པར་ལྷ་ཁང་སོགས་བཞེང་སྐབས་ཕན་ཚུན་རྡོ་ཤིང་དང་དངུལ་བསྡུ་རུབ་དང་ཞལ་འདེབས་ཀྱང་འབུལ་སྲོལ་ཡོད་འདུག བོད་ལ་དེ་སྔ་གདན་སའི་ནང་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཚོགས་སྲོལ་ཡོད་པ་དང་ཕྱོགས་མཚུངས། ལ་དྭགས་སུ་དབྱར་ཆོས་ཆེན་མོ་ཚོགས་རྒྱུའི་སྲོལ་དར།

དེ་ཡང་གཙོ་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་དབྱར་ཆོས་ཆེན་མོ་ཚོགས་རྒྱུའི་སྲོལ་དར་ནས་ཐོག་མ་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ལ་དྭགས་མཚན་ཉིད་སློབ་གྲྭ་དང་། དེ་རྗེས་ཀླུ་འཁྱིལ་དགོན་པར་ཚོགས། དེ་རྗེས་དཔེ་ཐུབ་དགོན་པ་དང་། ཁྲིག་རྩེ་དགོན་པ། བདེ་སྐྱིད་དགའ་ལྡན་བཀྲ་ཤིས་ཆོས་གླིང་བཅས་སུ་ཚོགས་ཡོད།

ད་ཐེངས་བསམ་གཏན་གླིང་དགོན་པར་ཕྱི་ཚེས་ ༡༥ ནས་ཉིན་བཅུའི་རིང་དབྱར་ཆོས་ཆེན་མོ་ཚོགས་རྒྱུ་ཡིན་འདུག་པ་དང་། ཕྱི་ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བདུན་པ་དབུ་འཛུགས་མཛད་གཏན་འཁེལ་འདུ
སྤྱིར་བདེ་སྐྱིད་དགོན་པ་ནི་དགེ་ལུགས་དགོན་པ་ཡིན་ཞིང་། ལ་དྭགས་དབྱར་ཆོས་ཆེན་མོ་ནི་རིས་མེད་ཡིན་འདུག ལ་དྭགས་དབྱར་ཆོས་ཆེན་མོའི་སྐབས་ལ་དྭགས་ས་ཁུལ་ཡོངས་ནས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཙམ་མ་ཟད། ཁ་ཆེའི་སློབ་ཕྲུག་དང་མཁས་དབང་སོགས་ཀྱང་ཕེབས་སྲོལ་ཡོད་འདུག དགོན་འདིའི་སྲུང་མ་གཙོ་བོ་ལྷ་མོ་རང་བྱུང་མ་ཡིན་ཞིང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་བཀྲིས་ལྷུན་པོར་བདེ་སྐྱིད་དགོན་པ་ནས་གྲྭ་རྒྱུན་དགུ་བཅུ་ལྷག་ཙམ་སློབ་གཉེར་གནང་མུས་ཡིན་འདུག  སེ་རར་དགེ་འདུན་པ་བཅུ་གྲངས་ཙམ་དང་། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་དགེ་འདུན་པ་སུམ་ཅུ་ལྷག་ཙམ་ཡོད་འདུག

རྒན་བློ་བཟང་བསམ་གཏན་ལགས།

དགོན་འདིའི་འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་གཙོ་བོ་བཀྲིས་ལྷུན་པོ་སྔགས་པ་གྲྭ་ཚང་ཕྱག་སྲོལ་ལྟར་ཡིན་འདུག འདི་ལོའི་དབྱར་ཆོས་ཆེན་མོའི་སྐབས་བདེ་སྐྱིད་དགོན་པ་ནས་དགེ་བཤེས་གཉིས་མཉམ་ཞུགས་གནང་རྒྱུ་དང་། སློབ་ཕྲུག་བཅོ་ལྔ་དང་། དགེ་འདུན་པ་ཞལ་གྲངས་ལྔ་བཅུ་ཙམ་ཉེ་འགྲམ་བསམ་གཏན་གླིང་དགོན་པར་དབྱར་ཆོས་ཆེན་མོར་མཉམ་ཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་བདེ་སྐྱིད་དགོན་པ་ཕྱག་བཏབ་པ་ནས་བཟུང་ད་བར་བཀའ་ཆེན་གྲགས་ཆེ་བ་དཔེར་ན་པཎ་ཆེན་ལྷ་བཙུན་པ་མཆོག་དང་། བཀའ་ཆེན་ལ་མཚོན་ན་བཀའ་ཆེན་ཆོས་འཕེལ་རྒྱལ་མཚན་སོགས་མང་པོ་བྱོན་ཡོད། བོད་དུ་བཀྲིས་ལྷུན་པོའི་དགོན་པར་སློབ་གཉེར་གནང་མྱུང་བ་ད་ལྟ་སྐུ་འཚོ་བཞུགས་ཡོད་པ་ནི་རྒན་བློ་བཟང་བསྟན་འཛིན་ལགས་དང་། རྒན་བློ་བཟང་རིག་འཛིན་ལགས། རྒན་དོན་གྲུབ་དཔལ་བཟང་ལགས། རྒན་བློ་བཟང་བསམ་གཏན་ལགས་བཅས་ཡིན་འདུག །
Share with your friends










Submit