ཟླ་བ་ ༧ ཚེས ༡༢ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་སླད་སུད་སིར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། 

དེ་ཡང་བཀའ་བློན་མཆོག་སུད་སི་ཛུ་རིག་ Zurich རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས། རི་ཀོན་མཁན་རིན་པོ་ཆེ་མཆོག་དང་ཡུ་རོབ་དང་ལྷོ་ཨ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་སོགས་ཀྱི་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

ཕྱི་ཚེས་ ༥ ཉིན་བཀའ་བློན་མཆོག་གིས་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ Mr Elmar Metzger  མཆོག་དང་མཇལ་འཕྲད་གནང་འདུག 

ཕྱི་ཚེས་ ༦ ཉིན་བཀའ་བློན་མཆོག་རི་ཀོན་ཆོས་འཁོར་དགོན་དུ་ཆོས་ཕྱོགས་ཀྱི་སྒོ་ནས་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་ཀྱིས་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་མ་ཟད། དེ་ཉིན་གྱི་ཕྱི་དྲོར་ Schaffhausen canton མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་སུད་སི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བློན་ཆེན་Mr Walter Vogelsanger མཆོག་གིས་གཙོས་མངའ་སྡེའི་གནད་ཡོད་མི་སྣ་ཕེབས་ཡོད། 

ཕྱི་ཚེས་ ༧ ཉིན་བྷུས་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་གཞུང་འབྲེལ་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད། 

དེ་ཡང་མཛད་སྒོའི་ཐོག་མར་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་བཀའ་ཤག་གི་ཡོངས་ཁྱབ་གསུང་བཤད་སྒྲོགས་སྦྱང་ཞུས་གྲུབ་མཚམས་བཀའ་བློན་མཆོག་གིས་གསུང་བཤད་གནང་། 

ཛུ་རིག་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་ Mr Martin Bürki, President of Zürich municipal council གི་འགན་འཛིན་སྐུ་ཞབས་མར་ཊིན་བྷུར་ཀི་མཆོག་དང་སུད་སི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ལྕམ་རོ་སི་མ་རེ་ Ms Rosemarie Quadranti མཆོག་གིས་གཙོས་གཞན་གནད་ཡོད་མི་སྣ་ཁག་གཅིག་བཅས་ཕེབས་ཡོད་པ་དང་། 

མཛད་སྒོའི་ཐོག་སུད་སི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་ལྕམ་རོ་སི་མ་རེ་མཆོག་གིས་ཁོ་མོ་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་བའི་སྐབས་ཀྱི་མྱོང་ཚོར་དང་འབྲེལ་བའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་ལྕམ་རོ་སི་མ་རེ་མཆོག་གིས་མུ་མཐུད་བོད་དོན་ཆེད་སུད་སི་གྲོས་ཚོགས་ནང་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད།   ཆོས་རིག་བཀའ་བློན་མཆོག་གིས་སྐབས་ ༡༦ སུད་སི་ས་གནས་འཐུས་ཚོགས་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་གྲངས་  ༢༥ ནས་ལོ་གསུམ་རིང་དང་བླངས་ཐོག་སྤྱི་ཚོགས་ཞབས་ཞུ་ཞུས་གནང་བར་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་རེ་གནང་ཡོད། 

སུད་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༢༠༠༠ ཙམ་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད། 

ཕྱི་ཚེས་ ༩ ཉིན་གྱི་དགོང་དྲོ་ཆོས་རིག་བཀའ་བློན་མཆོག་གིས། ཨ་རི་གཞུང་གིས་གཏན་འཇགས་སུ་བསྐོ་གཞག་གནང་བའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གཞུང་ཚབ་ཀྱི་འགན་འཛིན་ཇ་སན་མ་ཁི་Jason Mack མཆོག་དང་འབྲེལ་ཡོད་ལས་བྱེད་བཅས་ལ་ཐུགས་འཕྲད་གནང་ཡོད། 

སྐབས་དེར་ཆོས་རིག་བཀའ་བློན་མཆོག་གིས་ད་ལྟའི་བོད་ནང་གི་ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ་དང་འབྲེལ་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་སྟངས་ཐད་གྲོས་ཆོད་བཞག་གནང་བར་ཐུགས་རྗེ་ཆེ་ཞུ་གནང་ཡོད། དེ་བཞིན་བཞིན་དུ་ཆོས་རིག་བཀའ་བློན་མཆོག་གིས་རྒྱལ་ཚོགས་ཀྱི་གཏན་འཇགས་སྐུ་ཚབ་གཞན་དང་འབྲེལ་ཡོད་ལས་བྱེད་སོགས་ལའང་ཐུགས་འཕྲད་གནང་ཡོད་པ་དང་བཅས།། 

Share with your friends










Submit