ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༢ རེས་གཟའ་མིག་དམར།

བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས།

༄༅། སྔ་ལོ་བཞིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ཚན་པ་ནས། ཡར་ཐོན་ཚོང་ལས་པ་དང། ཐོན་བསྐྱེད་བཟོ་བསྐྲུན་པ་གང་མང་སྐྱེད་སྲིང་ཡོང་ཐབས་སུ་ཚོང་གི་ལས་གཞི་ཚད་ལྡན་ཡོད་པའི་ཡར་ཐོན་ཚོང་ལས་པ་འདེམས་སྒྲུག་གི་ལམ་ནས་ཚོང་པ་སོ་སོའི་ཚོང་གི་ངོ་བོ་དང་གནས་སྟངས་ལ་གཞིགས་པའི་མ་དངུལ་ཧིན་སྒོར་འབུམ་བཅོ་ལྔ་ཙམ་ནས་འདི་ལོ་ཡང་མཐུན་རྐྱེན་སྦྱོར་སྤྲོད་ཞུ་གཏན་འཁེལ་ཡོད།
ཡར་ཐོན་ཚོང་པ་གསར་པའི་མ་དངུལ་རོགས་སྐྱོར་གཟེངས་རྟགས་འབུལ་དགོས་དོན་ནི་རང་རེའི་སྤྱི་ཚོགས་ནང་གཞོན་སྐྱེས་ཚོང་ལས་བྱ་རྒྱུའི་འདུན་པ་དང་འཆར་གཞི་ཚད་ལྡན་ཡོད་ནའང་དཔལ་འབྱོར་གྱི་རྒྱབ་བརྟེན་གདེང་ཁེལ་མེད་མཁན་རྣམས་ལ་དམིགས་པ་ཞིག་ཡིན། ཚོང་པ་གསར་པ་དྲག་འདེམས་བྱུང་བ་རྣམས་ལ་མ་དངུལ་རོགས་སྐྱོར་ཧིན་སྒོར་འབུམ་ ༡༥ ནས་མཐུན་རྐྱེན་སྦྱར་རྒྱུ།
གོང་གསལ་གཟེངས་རྟགས་ནང་འཛུལ་ཞུགས་གནང་མཁན་ཡར་ཐོན་ཚོང་པ་རྣམས་རིག་གསར་གྱི་བློ་དང་ལྡན་ཞིང་འཕོ་འགྱུར་གཏོང་རྒྱུར་ནུས་པ་ལྡན་པ། དེའི་ཁར་བོད་མིའི་སྤྱི་ཚོགས་ལ་ཕན་ནུས་ལྡན་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་བསྐྲུན་ཐུབ་པའི་བློ་སྤོབས་འདེང་ཚོད་ཅན་དག་གི་དབར་འགྲན་བསྡུར་གྱི་ལམ་ནས་དྲག་འདེམས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༨ ཟླ་དགུ་པའི་ནང་མ་དངུལ་རོགས་སྐྱོར་གཟེངས་རྟགས་ཐོབ་མི་རྣམས་ཡོངས་ཁྱབ་གསལ་བསྒྲགས་ཞུ་རྒྱུ་ཡིན།
རིག་གསར་གྱི་ཡར་ཐོན་ཚོང་ལས་པ་སུ་མཆིས་ནས་གོང་གསལ་མ་དངུལ་རོགས་སྐྱོར་གཟེངས་རྟགས་ནང་ཞུགས་བློ་ཡོད་རིགས་རྣམས་ནས་འཚང་སྙན་འགེངས་ཤོག་ཨིན་ཡིག་ཐོག་ཡོད་པ་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་ནས་དང་ཡང་ན་དྲྭ་རྒྱ་ནས་ཕབ་ལེན་བྱ་འཐུས། ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས་སོགས་ཀྱི་ཞིབ་གནས་ལས་གཞི་འདིའི་དྲྭ་རྒྱར་གཟིགས་རྒྱུ་ཡོད་པས་ཐུགས་ཞིབ་ཡོང་བ། དྲྭ་རྒྱའི་ཁ་བྱང་ www.tibetanentrepreneurs.org ཡིན། ཆ་རྐྱེན་གཏན་འབེབས་ལྟར་ཚང་བའི་འཚང་སྙན་ཕྱི་ལོ་ ༢༠༡༨ ཟླ་ ༠༧ ཚེས་ ༡༠ འགྱངས་མེད་དྲྭ་ལམ་ [email protected]བརྒྱུད་དམ་ཡང་ན་གཤམ་གསལ་ཁ་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ་བཅས་ཀྱི་གལ་ཆེའི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ ༢༠༡༨ ཟླ་ ༠༦ ཚེས་ ༡༡ ལ།།

Share with your friends










Submit