ཟླ་བ་ ༥ ཚེས ༡༤ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།
ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༡ རེས་གཟའ་པ་སངས་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་མ་ཧ་ཐོར་མོ་ཧ་མཌ་ Dr. Mahathir Mohamad མཆོག་སླར་ཡང་ཡུལ་དེའི་སྲིད་བློན་དུ་འོས་འདེམས་བྱུང་བར་འཚམས་འདྲི་མཛད་དོན།  

སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་ཐེངས་འདིར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་ནས་སྐུ་ཉིད་མཆོག་སླར་ཡང་སྲིད་བློན་དུ་འོས་འདེམས་བྱུང་བར་ངོས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།  

རྒྱལ་ཡོངས་འོས་བསྡུ་ཆེན་མོས་མི་མང་གི་འོས་ཤོག་ལ་བརྟེན་ནས་འགྱུར་ལྡོག་བྱུང་ཐུབ་པ་དང་། མ་ལེ་ཤི་ཡའི་ནང་མང་གཙོའི་རིང་ལུགས་ཀྱི་རྨང་གཞི་ཇི་ཙམ་སྲ་བརྟན་ཡོད་པ་གསལ་འདོན་གནང་ཐུབ་ཡོད།

ཕྱི་ལ་ོ ༡༩༨༢ ལོར་ངོས་རང་མ་ལེ་ཤི་ཡ་དུ་ལྟ་སྐོར་བསྐྱོད་པའི་དགའ་སྣང་གི་ཚོར་བ་ཞིག་དུས་རྟག་ཏུ་ཡོད་པ་མ་ཟད།   དེང་སྐབས་རྒྱ་གར་དུ་གནས་མཇལ་ལ་ཕེབས་མཁན་མ་ལེ་ཤི་གྲོགས་པོ་མང་པོ་ཞིག་དང་ཐུག་འཕྲད་ཡོང་བཞིན་འདུག་ཅེས་ངོས་ཀྱིས་སྐུ་ཉིད་ལ་དགའ་སྤོབས་ཐོག་ནས་ཞུ་རྒྱུ་ཡིན།

མ་ལེ་ཤི་ཡའི་གྲོགས་པོ་མང་པོ་ཞིག་ནས་ངོས་ཀྱིས་བྱམས་བརྩེ་དང་ཆོས་ལུགས་མཐུན་སྒྲིལ་གཞི་རྩར་གྱུར་བའི་གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་བཞིན་པའི་ལས་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བཞིན་པ་དེར་ངོས་ཀྱིས་ཡི་རངས་ཞུ་བཞིན་ཡོད།

སྐུ་ཉིད་མཆོག་སྲིད་བློན་གྱི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བ་དང་དཀའ་ངལ་རྣམས་ལ་གདོང་ལེན་གནང་བ་བརྒྱུད་མ་ལེ་ཤི་ཡའི་མི་མང་གི་མངོན་འདོད་རྣམས་བསམ་དོན་ལྷུན་གྱིས་འགྲུབ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།  ཞེས་འཁོད།

 

༼ གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ། ༽

 

Share with your friends










Submit