༢༠༡༨ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་  ༢༠༡༨ ཟླ་ ༨ ནང་བཞུགས་སྒར་དྷརྨ་ཤཱ་ལར་བོད་མི་གཞོན་སྐྱེས་ལྔ་དང་ལྔ་བཅུའི་ཚོགས་འདུ་༼ ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ༽ ཞེས་པའི་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུ་ལགས་པས་དོན་གཉེར་བ་རྣམས་ཀྱིས་གཤམ་འཁོད་དེབ་སྐྱེལ་གནང་ཕྱོགས་ཀྱི་ལམ་སྟོན་ལ་ཐུགས་སྣང་ཡོང་བ་ཞུ།

ཚོགས་འདུའི་དམིགས་ཡུལ།

ཚོགས་འདུར་མཉམ་ཞུགས་ཆེད་མིང་ཐོ་དེབ་འགོད་གཞིར་བཟུང་འཛམ་གླིང་ཁྱོན་ནས་བོད་མི་ན་གཞོན་ལོ་ན་ ༢༥ ནས་ ༤༠ བར་གྱི་མི་གྲངས་ ༡༠༠ འདེམས་སྒྲུག་བྱ་རྒྱུ་དང་། ཚོགས་འདུའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན།

ལྔ་དང་ལྔ་བཅུའི་འཆར་སྣང་། ཞེས་པ་ནི་གཙོ་བོ་བོད་མི་ཚོར་ཆེ་མཐོང་དང་རང་དབང་སླར་གསོ་ཐུབ་པ།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་བཅས་འཆར་སྣང་གཙོ་བོར་འཛིན་བཞིན་ཡོད།   བོད་མིའི་འཐབ་རྩོད་དང་འབྲེལ་བའི་ལས་འགུལ་ཡོངས་རྫོགས་འཆར་སྣང་དེ་དག་གི་ཤུགས་རྐྱེན་འོག་ཐག་གཅོད་བྱ་རྒྱུ་རེད།

སྤྱིར་ལྔ་དང་ལྔ་བཅུའི་འཆར་སྣང་འོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཛིན་ཐོག་འབྱུང་འགྱུར་ལོ་ལྔའི་ནང་བོད་ཀྱི་གནད་དོན་དང་བོད་མིའི་ཆབ་སྲིད་ཀྱི་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུ་དང་། གལ་ཏེ་དགོས་མཁོ་བྱུང་ཚེ་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱ་དགོས་པའི་དུས་སྐབས་ཤིག་ཤར་ཡང་བོད་མིའི་ཐུན་མིན་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་ཐོག་ནས་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་བྱ་རྒྱུར་དམིགས་ཡོད།

ཚོགས་བཅར་བ་འདེམས་སྒྲུག་བྱེད་ཕྱོགས།

* ཚོགས་འདུར་ཞུགས་བློ་ཡོད་རིགས་རྣམས་ཀྱིས་གཤམ་འཁོད་ཡིག་ཆ་ཁག་དྲ་ལམ་ཐོག་ནས་ཕུལ་བ་མ་གཏོགས་ལག་ཐོག་ནས་འབུལ་མི་དགོས།

* རང་ཉིད་ཤེས་ཡོན་ཐོག་གྲུབ་འབྲས་ཇི་ཐོན་གྱི་ངོ་སྤྲོད་སྙིང་བསྡུས། ལས་ཀའི་ཉམས་མྱོང་སྐོར་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་འགོ་ཁྲིད་ཀྱི་ལས་དོན་སྤེལ་བའི་ཉམས་མྱོང་། དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་ཁ་གསལ་འགོད་དགོས།

* མིང་ཐོ་དེབ་འགོད་བྱ་རྒྱུའི་མཐའ་མའི་དུས་བཀག ༢༠༡༨ ཟླ་ ༥ ཚེས་ ༣༠

* འདེམས་སྒྲུག་ཚོགས་ཆུང་གིས་སྙན་ཞུ་འབྱོར་བ་རྣམས་ལ་གོ་རིམ་བཞིན་ཞིབ་འཇུག་བྱས་ནས་མཐའ་མའི་མིང་གཞུང་གཏན་འབེབས་བྱ་རྒྱུ།

* སྤྱི་ཚོགས་ཁྲོད་ལས་དོན་གང་ཅིར་གྲུབ་འབྲས་ཡག་པོ་ཐོན་པ་དང་འགོ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་རྣམས་ལ་དམིགས་བསལ་ཐོག་ནས་གཟིགས་རྒྱུ་ཡོད།

* ཚོགས་འདུའི་ལམ་གྲོན་དང་བཞུགས་གནས་བཅས་འདི་ག་ཕྱི་དྲི་ལས་ཁུངས་ནས་གོ་སྒྲིག་ཞུ་རྒྱུ།

* མིང་ཐོ་འདེམས་ཐོན་བྱུང་བ་རྣམས་ལ་ཕྱི་ཟླ་ ༦ ཚེས་ ༢ ནང་ཚུད་ལ་བརྡ་ཁྱབ་བྱ་རྒྱུ།

 

ཚོགས་ཞུགས་བ་མི་གྲངས་ས་བགོས།

 

༡། རྒྱ་གར་ནས་ཚོགས་བཅར་བའི་ས་མིག་གྲངས་ ༣༥

༢། བལ་ཡུལ་དང་འབྲུག་ནས་ཚོགས་བཅར་བའི་ས་མིག་གྲངས་ ༥

༣།བྱང་ཨ་རི་ནས་ཚོགས་བཅར་བའི་ས་མིག་གྲངས་ ༢༥

༤།ཡུ་རོབ་ནས་ཚོགས་བཅར་བའི་ས་མིག་གྲངས་ ༢༥

༥། ཨོ་གླིང་དང་ནིའུ་ཛི་ལེནཌི། ཨེ་ཤི་ཡའི་ས་ཁུལ་ཉི་ཧོང་དང་ཐེ་ཝན་ནས་ཚོགས་བཅར་བའི་ས་མིག་གྲངས་ ༥

༦། སྲི་ཞུའི་ལས་བྱེད་ཆེད་ཟུར་བཅད་ས་མིག་གྲངས་ ༥

དུས་བཀག་ཚེས་གྲངས།

 

གསལ་བསྒྲགས་སྤེལ་ཚེས། ༢༠༡༨ ཟླ་ ༥ ཚེས་ ༩ /  སྙན་ཞུ་འབུལ་ཚེས་ ༢༠༡༨ ཟླ་ ༥ ཚེས་ ༣༠/ འདེམས་ཐོན་བྱུང་བའི་མིང་ཐོ་གསལ་བསྒྲགས་སྤེལ་ཚེས་ ༢༠༡༨ ཟླ་ ༦ ཚེས་ ༢

གློག་འཕྲིན་ཁ་བྱང་། Email: [email protected]

Share with your friends










Submit