ཟླ་བ་ ༥ ཚེས ༡༨ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་༡༨ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན་གྱི་སྔ་དྲོ་རྒྱལ་སྤྱིའི་འགྲེམས་སྟོན་ཐེངས་ ༤༡ ཉིན་མོ་དང་སྟབས་བསྟུན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་འགྲེམས་སྟོན་ཐེངས་ ༤ དེ་བཞིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་བོད་ཀྱི་འགྲེམ་སྟོན་ཁང་དུ་ “ཚད་མཐོའི་འབྲེལ་ལམ་གྱི་འགྲེམས་སྟོན། ལངས་ཕྱོགས་དང་མི་རབས་གསར་པ། ” ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཉིན་གྲངས་གཉིས་རིང་གི་མཛད་སྒོ་སྲུང་བརྩི་ཞུ་འདུག

དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་།   ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས། བོད་ཀྱི་ཟློར་གར་ཚོགས་པའི་འགན་འཛིན། སམ་བྷོ་ཊའི་འགན་འཛིན།  རྒྱ་གར་བ་ཧརདྱ་པོལ་སིངྒ་ Dr. Hardya Paul Sigh ལགས། རྡ་སྟེང་བོད་ཁྱིམ་གྱི་དགེ་རྒན་དང་འཛིན་རིམ་དགུ་པའི་སློབ་ཕྲུག་ཁག་གཅིག གསར་འགོད་པ་སོགས་མི་གྲངས་ ༥༠ ལྷག་ཕེབས་འདུག

མཛད་སྒོའི་ཐོག་མར་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་གིས་མཛད་སྒོ་དབུ་འབྱེད་ཀྱི་སྣང་གསལ་མར་མེ་ཞལ་ཕྱེ་གནང་བ་དང་འབྲེལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་ལས་ཚབ་རིན་ཆེན་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་གནང་།  དེ་ནས་དྲིལ་བསྒྲགས་དྲུང་ཆེའི་གནས་རིམ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན།   ན་ནིང་ང་དང་ངའི་གྲོགས་མོ་ངེད་གཉིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཇིའུ་མི་རིགས་འགྲེམས་སྟོན་ཁང་ Holocaust Museum ཞེས་པ་ཞིག་གི་ནང་བསྐྱོད་རྗེས་སེམས་འགུལ་ཧ་ཅང་ཐེབས་བྱུང་།

འགྲེམས་སྟོན་ཁང་དེ་ནི་འཇིའུ་མི་རིགས་རྣམས་བསྡེབས་གསོད་བྱས་པའི་སྐོར་རེད་འདུག འཇིའུ་མི་རིགས་ཐོག་གོད་ཆག་དེ་འདྲ་ཕོག་པ་ནི་བསམ་ཡུལ་ལས་འདས་པ་ཞིག་བྱུང་། སེམས་ནང་ཤོང་དཀའ་བའི་གོད་ཆག་དེ་ལྟ་བུ་ཞིག་དུས་རབས་ཉི་ཤུ་པའི་ལོ་རྒྱུས་ནང་བྱུང་མེད་ན་ཅི་མ་རུང་སྙམ་པ་དྲན་བྱུང་།  འོན་ཀྱང་གོད་ཆག་དེ་ལྟ་བུ་བྱུང་བ་རེད། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་འདིར་ང་ཚོ་མི་རབས་གསར་པ་རྣམས་ཀྱིས་དེ་ལྟ་བུའི་གནས་ཚུལ་ཐབས་སྡུག་བསྐྱར་ཟློས་མི་ཡོང་བ་ཞིག་ངེས་པར་དུ་བྱེད་དགོས།  དེ་འདྲ་ཡོང་བར་ང་ཚོ་མི་རེ་ངོ་རེ་ནས་ལས་འགུལ་བརྩམ་དགོས།  ཞེས་སོགས་གསུངས་རྗེས་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གསུང་བཤད་གནང་དོན།

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཟེར་བ་ལོ་ལྟར་སྲུང་བརྩི་ཞུ་རྒྱུ་དེར་དགོས་པ་རྒྱུ་མཚན་ཡོད་ངེས་རེད། མཚམས་རེ་ང་ཚོས་དུས་ཚོད་རིང་པོ་ཕྱིན་རྗེས་དགོས་པ་རྒྱུ་མཚན་ཁྱད་པར་ཅན་ཡོད་པ་དེ་མ་ཡིན་པའི་ཐོག་ཤུགས་ཆེན་པོ་གཡེངས་ནས་འགྲོ་གི་འདུག དེ་ནི་འགྲོ་བ་མིའི་སྤྱི་ཚོགས་སྤྱིའི་གཤིས་ཀ་འདྲ་བོ་རེད། ང་ཚོ་གཅིག་པུའི་ཞན་ཆ་མ་རེད། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཟེར་བ་དེ་གཙོ་བོ་དམག་ཆེན་དང་པོ་དང་གཉིས་པའི་སྐབས་བྱུང་བའི་གནས་ཚུལ་དེ་དག་འགྲེམས་སྟོན་བརྒྱུད་གོ་རྟོགས་སྤེལ་རྒྱུའི་ཆེད་ཟུར་དུ་བཙུགས་པ་ཡིན་རྒྱུ་རེད་བསམ་གྱི་ཡོད།

དེར་བརྟེན་ང་རང་ཚོས་ཀྱང་གནས་ཚུལ་དེ་རིགས་གོ་རྟོགས་སྤེལ་རྒྱུ་དང་བེད་སྦྱོད་ཡག་པོ་གཏོང་རྒྱུ་གལ་ཆེན་པོ་རེད། དེ་རིང་མཛད་སྒོ་ཡག་པོ་བྱུང་འདུག བསྔགས་བརྗོད་ཞུ་བ་ཡིན། ང་ཚོ་འཆི་དང་གསོན་གྱི་སྐབས་དེར་བོད་མི་རིགས་ཀྱི་ལོ་རྒྱུས་དང་། ཁྱད་ཆོས། སྒྱུ་རྩལ། རིག་གནས། མི་རིགས་ཀྱི་རྩ་དོན། དེ་བཞིན་ཆོས་དང་རིག་གཞུང་སོགས་འགྲེམས་སྟོན་བེད་སྤྱོད་བརྒྱུད་ཆེ་ཆུང་ལ་མ་ལྟོས་པར་འཛམ་གླིང་མི་མང་ལ་ཁྱབ་སྤེལ་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད།

ད་བར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཡག་པོ་གནང་ཐུབ་ཡོད། དེར་ངས་བསྔགས་བརྗོད་ཞུ་རྒྱུ་ཡིན།  ཞེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་རྒྱ་གར་སྐུ་མགྲོན་གྱིས་གསུང་བཤད་གནང་བ་དང་བསྟུན་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་བ་དང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས།།

Share with your friends










Submit