ཟླ་བ་ ༤ ཚེས ༢༦ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༦ རེས་གཟའ་ཕུར་བུ།

༄༅། །བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ཐག་གཅོད་བྱ་རྒྱུའི་ལམ་ལུགས་དང་།  བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་སོགས་བསྐོ་གཞག་གནང་རྒྱུའི་སྲོལ་རྒྱུན་ལམ་ལུགས་ཀྱི་ཐོབ་ཐང་ལ་ཨ་རིའི་གྲོས་ཚོགས་ཀྱིས་མཐའ་གཅིག་རྒྱབ་སྐྱོར་གནང་འདུག 

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་ཡིག་ཆ་ཨང་ ༤༢༩ S.Res.429  ལ་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་མང་མོས་ཐོག་རྒྱབ་སྐྱོར་གནང་ཞིང་། གྲོས་ཆོད་ཡིག་ཆ་ཨང་ ༤༢༩ ཞེས་པའི་ནང་འཁོད་དོན་ལྟར་ན།  བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་དང་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་བསྐོ་གཞག་གནང་རྒྱུའི་བོད་མིའི་སྲོལ་རྒྱུན་གྱི་ཐུན་མིན་ལམ་ལུགས་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ཚེ་རྩིས་མེད་གཏོང་རྒྱུ་ཡིན། ཞེས་འཁོད་ཡོད་པ་མ་ཟད། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༩ དེ་བཞིན་བོད་མིའི་ཐོབ་ཐང་ཉིན་མོ།  ཞེས་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་པའང་གསལ་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་པེ་ཊིག་ལི་ཧེ་ Patrick Leahy མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ཡིན་ཕ་ཡིན་སི་ཊ་ཡིན་ Dianne Feinstein མཆོག་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁུ་རུ་ཛི་ Cruz མཆོག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རུ་བྷི་ཡོ་ Senator Rubio མཆོག་བཅས་ཀྱི་ཚབ་ཞུས་ཏེ་གྲོས་ཚོགས་ནང་གོང་བརྗོད་གྲོས་ཆོད་དེ་ངོ་སྤྲོད་གནང་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༢༩ བཞེས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན། ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེ་བཞག་ཡོད་འདུག  

གྲོས་ཆོད་དེ་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་གལ་ཏེ་མགོན་པོ་གང་ཉིད་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་རྗེས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌།  མགོན་པོ་མཆོག་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༸རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་པའི་གསལ་བསྒྲགས་སྤེལ་གནང་མཛད་པ་དེར་དམིགས་ནས་ཐེངས་འདིར་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་དེ་ལྟར་མང་མོས་ཐོག་ནས་བཞག་པ་ཞིག་ཡིན་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པས་གྲོས་ཆོད་དེ་འདྲ་ཞིག་བཞག་གནང་བར་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་པའི་ཕྱག་བྲིས་དེའི་ནང་འཁོད་དོན།  “ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་དེས་བོད་མིར་རྒྱབ་སྐྱོར་དང་ཕྱིའི་ཤུགས་རྐྱེན་ལ་ཁ་གཏད་དུ་ལངས་པ་ཞིག་ཡིན་པ་མ་ཟད། ལྷག་པར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་དང་ངོས་འཛིན་ཐག་གཅོད་བྱ་རྒྱུའི་ལམ་སྲོལ་སྔར་ལམ་ཡོད་པ་དེར་བརྩི་མེད་རྡོག་རོལ་བཏང་ནས་ཐེ་བྱུས་བྱེད་མཁན་ཕྱིའི་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་གནང་བ་ཞིག་མཚོན་ཐུབ།”  ཅེས་དང་།

གྲོས་ཆོད་དེས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བརྡ་ལན་གསལ་པོ་ཞིག་བཏང་བ་མ་ཟད། ལྷག་པར་རྒྱ་ནག་གཞུང་ལའང་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད།  ཕྱོགས་མཚུངས་འཛམ་གླིང་རྒྱལ་ཁབ་གཞན་ལའང་མིག་དཔེར་འོས་པ་ཞིག་ཏུ་གྱུར་ཡོད། ཅེས་གསུངས་ཡོད།

གྲོས་ཆོད་དེའི་ནང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་།  རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་མཆོག་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་མཇལ་འཕྲད་ཞུ་དགོས་པ་གསལ།  

ཐེངས་འདིའི་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་དེ་ནི་གཞིས་བྱེས་བོད་མི་ཡོངས་ལ་རྒྱབ་སྐྱོར་དང་དཔལ་འབྱོར་གྱི་རོགས་དངུལ་ཤུགས་ཆེ་རུ་གཏོང་སླད་ཡིན་འདུག་པ་བཅས། །

Share with your friends










Submit