ཟླ་བ་ ༤ ཚེས ༢༥ ༢༠༡༨
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༨ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༤ ཉིན་དྷ་ས་གངས་སྐྱིད་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གནད་ཡོད་མི་སྣ་མཇལ་འཕྲད་ཁང་དུ།  དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་དང་། ཨི་སི་ཏོ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཡོ་ཀོ་ཨེ་ལེན་ཌར་ Yoko Alender མཆོག་དང་། ཁོང་གི་སྐུ་ཟླ་པྲིཌ་ཇུར་མན་ Mr. Priit Juurmann ལགས། དེ་བཞིན་ཨི་སི་ཏོ་ནི་ཡའི་བོད་དོན་ལས་འགུལ་འབྲེལ་མཐུད་པ་སྐུ་ཞབས་རོཡེ་སི་ཌ་ཡེཌར Mr. Roy Strider ལགས་བཅས་དང་མཇལ་འཕྲད་གནང་འདུག

སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་ངོ་བོ་དང་ལས་འགན།  ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་བ་མ་ཟད།  ལྷན་ཁང་ཁག་རེ་རེ་བཞིན་ངོ་སྤྲོད་དང་འབྲེལ་ལས་དོན་བྱེད་ཕྱོགས་སྐོར་གསལ་བཤད་གནང་བ་མ་ཟད། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་ངོ་སྤྲོད་དང་ལས་འགན་གང་ཡིན་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་འདུག

ལྷག་པར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་དང་ལྷན་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་སླད་རང་དབང་ལྡན་པའི་གསར་འགོད་པ་གཏོང་དགོས་པའི་འབོད་སྐུལ་ཞུ་རོགས།  ཞེས་གྲོས་ཚོགས་འཐུས་མི་རྣམས་ལ་གསུངས།  ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ཁ་བྲལ་མ་རྩོད་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག  བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་བཅས། །