Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༦ རེས་གཟའ་ཕུར་བུ།


༄༅། །ཁེ་ན་ཌའི་ནང་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་ Tibetan Canadian Cultural Centre གིས་མཐུན་འགྱུར་འོག་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་སྐོར་བསྐྱོད་པར་རིས་འགྲེམས་སྟོན་དང་། རྡ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་ནང་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་སླད་མ་དངུལ་བསྡུ་རུབ་ཀྱི་ལས་འགུལ་སྤེལ་འགོ་འཛུགས་ཡོད།

 

དེ་ཡང་ས་སྐྱའི་ཁྲི་འཛིན་ ༤༢ སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གངས་ལྗོངས་ཆོས་ལྡན་གླིང་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་གསུང་ཆོས་གནང་བཞིན་པ་དང་བསྟུན། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་པར་རིས་འགྲེམས་སྟོན་དང་འགྲེམས་སྟོན་གསར་རྒྱག་སླད་མ་དངུལ་བསྡུ་རུབ་གནང་ཡོད་པ་དང་།

སྐབས་དེར་ས་སྐྱའི་ཁྲི་འཛིན་ ༤༢ སྐྱབས་མགོན་གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་གཞུང་ཞབས་ཟུར་པ་དང་། དེ་བཞིན་བོད་མི་དང་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་གྲངས་མི་གྲངས་ ༡༠༠༠ ལྷག་ཕེབས་ཡོད། ཐེངས་འདིའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་བ་ཚོས་ཧ་ཅང་དགའ་མོས་གནང་ཡོད་པ་མ་ཟད། གཟིགས་སྐོར་བ་མི་ཉུང་བ་ཞིག་གིས་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དང་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞིའི་སླད་དུ་དཔལ་འབྱོར་གྱི་ཞལ་འདེབས་ཀྱང་གནང་ཡོད།

སྐོར་བསྐྱོད་པར་རིས་འགྲེམས་སྟོན་དེ་བཞིན་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༥ ནས་ ༢༧ བར་མུ་མཐུད་ཨ་རིའི་གྲོང་ཁྱེར་མི་ནི་པོ་ལིས་ Minneapolis དང་མི་ནི་སོ་ཊའི་ Minnesota ནང་གནང་གཏན་འཁེལ་ཡོད་པ་བཅས། །

Share with your friends










Submit