ཟླ་བ་ ༤ ཚེས ༡༩ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༩ རེས་གཟའ་ཕུར་བུ། 

༄༅། །སྤྱི་ཚོགས་དྲ་རྒྱའི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྨ་ལྷོ་སོག་རྫོང་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་དགེ་འདུན་པ་གཉིས་འཛིན་བཟུང་བྱས་འདུག

དེ་ཡང་གནས་ཚུལ་ཐོན་ཁུངས་ལ་གཞིགས་ན། ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༦ ཉིན་གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་དགེ་འདུན་པ་འོད་ཆུང་རྒྱ་མཚོ་ཞུ་བ་ཞིག་དང་དགེ་འདུན་པ་གཞན་གཅིག་བཅས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་རྣམ་པ་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་དགོས་དོན་ནི། དགེ་འདུན་པ་རྣམ་པ་གཉིས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་བར་བརྟེན། རྒྱ་གཞུང་གིས་འཛིན་བཟུང་བྱས་པ་བརྗོད་འདུག དགེ་འདུན་པ་གཞན་དེ་ཕྱིས་སུ་གློད་བཀྲོལ་བཏང་ཡོད་ནའང་། འོད་ཆུང་རྒྱ་མཚོ་ལགས་མུ་མཐུད་བཀག་ཉར་འོག་གནས་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ཟླ་ ༣ ནང་རྒྱ་ནག་གཞུང་གིས་གཙང་དགོན་པའི་དགེ་འདུན་པ་རྣམས་ལ་གཙང་དགོན་པའི་ཁྲིམས་ལུགས་ཁྲིམས་སྲོལ་ཞེས་པའི་བརྗོད་གཞིའི་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སྐོར་གྱི་ཆེད་ཚོགས་འདུ་བསྐོངས་ཏེ་ཆབ་སྲིད་ཀྱི་སློབ་གསོ་སྤྲད་པ་དང་བསྟུན། དགེ་འདུན་པ་རྣམ་པར་ཞིབ་བཤེར་བྱས་པ་བརྒྱུད་གྲྭ་འོད་ཆུང་རྒྱ་མཚོ་ལགས་དང་དགེ་འདུན་པ་ཁག་གཅིག་གིས་སྐད་འཕྲིན་ wechat སྟེང་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་འགལ་བའི་པར་རིས་དང་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག  ཁོང་རྣམ་པ་ཚོར་རང་སྐྱོན་ངོས་ལེན་གྱི་ཡི་གེ་འབྲི་རུ་བཅུག་ཡོད་པ་རེད།

ཕྱི་ལོ་༢༠༡༧ ཟླ་༦ ཚེས་༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་ཟེར་བ་ལག་བསྟར་བྱས་ཡོད་པ་དང་། བཅའ་ཁྲིམས་དེའི་འོག་མི་མང་གིས་དྲ་ཐོག་ཏུ་དངོས་ཡོད་གནས་ཚུལ་དང་སྒེར་གྱི་བསམ་ཚུལ་ཙམ་སྤེལ་རེས་བྱས་ཀྱང་། རྒྱ་གཞུང་གིས་དེ་མེས་རྒྱལ་མགོ་རྟིང་སློག་པའི་ངན་སྐུལ་དང་ཁ་བྲལ་བར་རྩི་བཞིན་ཡོད།

འོད་ཆུང་རྒྱ་མཚོ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ། སོག་རྫོང་གཙང་ཨ་རིག་ཉི་མཐའ་ཡུལ་ཚོ་བདེ་ལྡན་སྡེ་བ་ནས་ཡིན་ཞིང་། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གྲྭ་བ་ཡིན་འདུག་པ་བཅས། །

Share with your friends










Submit