ཟླ་བ་ ༤ ཚེས ༢༥ ༢༠༡༨
Published By སྐལ་བཟང་བདེ་སྐྱིད།

༢༠༡༨ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༣ ནས་ ༢༧ བར་ཉིན་གྲངས་ལྔའི་རིང་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་འཁྲིད་བྱ་ཐབས་ཀྱི་ཟབ་སྦྱོང་ཞིག་སམ་བྷོ་ཊ་སྤོན་ཊ་གཏན་སློབ་ཏུ་བསྐོང་ཚོགས་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་སཾ་བྷོ་ཊ་ཁྱབ་ཁོངས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། ཅོན་ཏ་ར། བདེ་སྐྱིད་གླིང་། སྤོན་ཊ་གཏན་སློབ་བཅས་ཀྱི་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་དགེ་རྒན་རྣམས་མཉམ་ཞུགས་གནང་ཡོད།

དེ་ཡང་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༢ ནས་བཟུང་ཤེས་ཡོན་སྲིད་བྱུས་དང་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་དང་དཔར་འགྲེམས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་རིམ་བཞིན་བོད་སྐད་བརྒྱུད་ལམ་ཐོག་སློབ་འཁྲིད་བྱ་རྒྱུའི་འགོ་འཛུགས་ཞུས་ཤིང། དེ་འབྲེལ་གྱི་ཟབ་སྦྱོང་ཡང་ཐེངས་ཁ་ཤས་སྤྲད་ཡོད། ལོ་ཤས་སྤྱི་ཚན་བོད་སྐད་བརྒྱུད་ལམ་ནས་དགེ་རྒན་རྣམ་པའི་སློབ་འཁྲིད་གནང་བའི་ཉམས་མྱོང་ནང་དཀའ་གནད་འཕྲད་སའི་གནད་དོན་ཁག་གསེལ་དཀྲོལ་ཡོང་ཐབས་དང་། དགེ་རྒན་གསར་པ་རྣམས་ལ་སློབ་དེབ་རྒྱུས་སྟོན་སོགས་བྱ་སླད་ད་ཐེངས་ཀྱི་ཟབ་སྦྱོང་འདི་གོ་སྒྲིག་ཞུས་ཡོད་པ་རེད།

སྐབས་དེར་ཟབ་འཁྲིད་གནང་མཁན་ནི་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པ་ཟུར་པ་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འགན་འཛིན་བུད་དྷཱ་སྐྱབས་ལགས་དང་། ཤེས་ཡོན་ལྷན་ཚོགས་ཀྱི་བོད་སྒྱུར་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས་ཡིན།

ཐེངས་འདིར་ཟབ་སྦྱོང་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་དངུལ་ཐེབས་རྩ་ཁང་ USAID ཡིན་འདུག་པ་བཅས།།

Share with your friends










Submit