ཟླ་བ་ ༣ ཚེས ༢༨ ༢༠༡༨
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ རེས་གཟའ་ལྷག་པ།

༄༅། །༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༢ འཁོར་བ་དང་། བྱེས་སུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་མི་ལོ་ ༥༧ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་ས་བོད་ཀྱི་སྨན་རྩིས་ཁང་ཚོགས་ཁང་དུ་དབུ་འཛུགས་ཞུས་སོང་།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། ཁྲིམས་ཞིབ་པ་གཞན་ངག་དབང་རབ་རྒྱལ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་མགོན་པོ་ཕུན་ཚོགས་ལགས། བཀའ་དྲུང་རྫོང་ཁ་སྟོབས་རྒྱལ་ཚེ་རིང་ལགས་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དབུས་སྨན་རྩིས་ཁང་གིས་འགན་འཛིན་གྱིས་གཙོས་དགེ་ལས་སློབ་ཕྲུག་རྣམ་པ།  གསར་འགོད་པ་སོགས་ཁྱོན་མི་གྲངས་ ༧༠༠ ལྷག་མཛད་སྒོའི་ཐོག་ཉམས་ཞུགས་གནང་ཡོད།

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ནས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་གསུང་འདོན་གྲུབ་མཚམས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་སྨན་རྩིས་ཁང་གི་མཐོ་སློབ་སློབ་མ་རྣམས་ནས་བོད་མདོ་དབུས་ཁམས་གསུམ་གྱི་གཞས་སྣ་གཟིགས་འབུལ་ཞུས་གྲུབ་བསྟུན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་སྨན་རྩིས་ཁང་གིས་པར་སྐྲུན་གནང་བའི་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་། དེ་རྗེས་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་དང་འབྲེལ་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གནང་།

དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གཞུང་གིས་ ༢༠༡༨ ལོར་པདྨ་ཤྲཱི་གཟེངས་རྟགས་ཀྱི་ཆེ་བསྟོད་ཕུལ་བར་བསྔགས་བརྗོད་དང་དྲན་རྟེན་ཕྱག་རྟགས་དང་། སྨན་རྩིས་ཁང་གི་སྨན་པ་དཀའ་བཅུ་པའི་བསླབ་པ་མཐར་སོན་པ་རྣམས་དང་། སྨན་རྩིས་སློབ་མའི་ཡིག་རྒྱུགས་ཁྲོད་ཡང་རྩེར་སོན་པ་རྣམས་ལ་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༢ འཁོར་བ་དང་། བྱེས་སུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་མི་ལོ་ ༥༧ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཕེབས་པའི་སྐྱབས་གནས་དགེ་འདུན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལས་ཟུར་རྣམ་པ། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། དབུས་སྨན་རྩིས་ཁང་གི་འགན་འཛིན་གྱིས་གཙོས་ལས་བྱེད་རྣམ་པ་དང་། སྨན་པ་རྣམ་པ། དགེ་ལས་སློབ་ཕྲུག་རྣམ་པ། དེ་བཞིན་འདིར་འཛོམས་པའི་མང་ཚོགས་རྣམ་པ་བཅས་ལ་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྤྱི་ཚོགས་ནང་ཞབས་ཕྱི་ཞུ་མཁན་གྱི་སྒྲིག་འཛུགས་གཙོ་བོ་སྨན་རྩིས་ཁང་ཆགས་ཡོད། སྒྲིག་འཛུགས་འདིའི་ནང་ཕྱག་ལས་གནང་མཁན་ལས་བྱེད་ཟུར་པ་དང་། ད་ཡོད་ལས་བྱེད་ཡོངས་ནས་དཀའ་ལས་བརྒྱབ་པར་བརྟེན། ད་ལྟ་བོད་ཀྱི་གསོ་བ་རིག་པའི་གནས་བབ་འདི་རྒྱ་གར་དང་རྒྱལ་སྤྱིའི་སྡིངས་ཆ་སྟེང་སྤོབས་པ་བྱེད་འོས་པ་ཞིག་ཆགས་ཡོད། སྨན་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གཞུང་གིས་ཕྱི་ལོ་  ༢༠༡༨ ལོར་པདྨ་ཤྲཱི་གཟེངས་རྟགས་ཀྱི་ཆེ་བསྟོད་ཕུལ་བར་བསྔགས་བརྗོད་ཞུ་རྒྱུ་མ་ཟད། འཕྲོད་བསྟེན་ལས་ཁུངས་དང་། འཛིན་སྐྱོང་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ནས་ཡིག་ངག་གཉིས་ཐོག་ནས་དགའ་བསུ་ཞུས་ཡོད། སྨན་རྩིས་ཁང་ནས་མང་ཚོགས་ལ་འབུམ་སུམ་ཅུ་སོ་གཅིག་གི་སྨན་སྦྱིན་དང་ཆག་ཡང་གནང་བཞིན་ཡོད་པ་དེར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་འདོད་བྱུང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ད་ལྟའི་ཆར་ང་ཚོས་སྤྱི་ཚོགས་ནང་ནད་རིགས་སྔོན་འགོག་གི་ཐོག་ཤུགས་རྒྱག་བཞིན་ཡོད། སྨན་རྩིས་ཁང་གིས་ད་ལྟའི་འཆར་ནད་རིགས་ཐོག་ཉམས་ཞིབ་དེབ་གྲངས་  ༡༧ ཙམ་པར་སྐྲུན་གྱིས་ང་ཚོར་བཀྲམ་ཡོད། དཔེ་དེབ་དེ་དག་བརྒྱུད་མང་ཚོགས་ལ་གོ་རྟོགས་ཡོང་བའི་རེ་བ་ཡོད། ད་ལྟའི་བར་སྨན་རྩིས་ཁང་ནས་སྨན་པ་དཀའ་བཅུ་པ་མང་པོ་ཞིག་ཐོན་དང་ཐོན་བཞིན་ཡོད། ད་རེས་སྨན་པ་ཐོན་མཁན་ཚོས་མ་འོངས་པར་ང་ཚོའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རྒྱུ་རེ་བ་རྒྱག་གི་ཡོད། མ་འོངས་པར་སྨན་རྩིས་སློབ་མ་ཚོས་ཕྱི་ལུགས་སྨན་ཐོག་དོ་སྣང་བྱ་དགོས་རྒྱུ་གལ་ཆེན་པོ་རེད།

སྨན་རྩིས་ཁང་གི་སྨན་པ་ཚོས་བོད་པའི་སྤྱི་ཚོགས་ནང་སེམས་ཀྱི་དཀའ་ངལ་ཡོད་མཁན་རྣམས་ལ་རོགས་པ་གང་ཐུབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག མིའི་སེམས་ཀྱི་དཀའ་ངལ་སེལ་བར་བོད་ཀྱི་གསོ་བ་རིག་པ་དང་ནང་ཆོས་གཉིས་ཡག་ཤོས་རེད། ནད་རིགས་སྔོན་འགོག་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོས་ཡན་ལག་ལས་ཁུངས་བཅས་ནས་ཤུགས་རྒྱག་བཞིན་ཡོད། ནད་རིགས་སྔོན་འགོག་ནི་གཙོ་བོ་ཟས་དང་སྤྱོད་ལམ་རེད། ང་ཚོས་ཟས་དང་སྤྱོད་ལམ་ཐོག་ཤུགས་རྒྱག་ཐུབ་ན་ཏན་ཏན་འབྲས་བུ་སྨིན་ཐུབ་ཀྱི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།

མཐར་སྐར་རྩིས་པ་གཙོ་བོ་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།

Share with your friends










Submit