ཟླ་བ་ ༣ ཚེས ༥ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༥ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ཁག་ནས་ཕེབས་པའི་ཁྱོན་མི་གྲངས་ ༧༠༠ ཙམ་ལ་དམིགས་བསལ་མཇལ་ཁ་དང་སྐུ་དཔར་ལྷན་བསྒྲོན་རྗེས་བཀའ་སློབ་སྩལ་དོན། སྔ་དྲོ་བདེ་ལེགས། ངོས་རང་ད་ལྟ་ལོ་བརྒྱད་ཅུ་གྱ་གསུམ་ལ་སླེབ་ཡོད། ངོས་རང་གཟུགས་པོ་སྔར་ལས་ཐང་མང་བ་ཆད་ཡོང་གི་འདུག    དེར་བརྟེན་ངོས་རང་ཡུ་རོབ་དང་ཨ་རི་སོགས་ཀྱི་ལུང་པར་རྒྱ་གར་ནས་གནམ་གྲུ་ནང་ཐག་རིང་པོར་བསྐྱོད་རྒྱུ་དཀའ་ལས་ཁག་པོ་འདུག  ཡུ་རོབ་དང་ཨ་རི་སོགས་ནས་འདིར་ཆེད་དུ་ཕེབས་པའི་མི་སྣ་དེ་དག་ལ་ཐུགས་འཕྲད་བྱེད་རྒྱུ་ནི་ངོས་ཀྱི་འོས་འགན་རེད། དེ་རིང་ང་ཚོ་འདིར་འཛོམས་དགོས་པའི་དགོས་པ་རྒྱུ་མཚན་དེ་རེད། 

ངོས་ཀྱི་འགན་འཁུར་དང་པོ་ནི།  འགྲོ་བ་མི་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་གོང་མཐོར་གཏོང་རྒྱུ་དེ་ཡིན། ང་ཚོ་འགྲོ་བ་མི་རིགས་ཚང་མ་ལུས་སེམས་དང་སེམས་ཚོར་གྱི་ཐོག་ནས་ཚང་མ་གཅིག་གྱུར་ཡིན། འཛམ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པ་དང་། ངོས་རང་ཡང་འཛམ་བུ་གླིང་ནང་མི་དུང་ཕྱུར་བདུན་ཅུ་ཡོད་པའི་ཁོངས་ནས་གཅིག་ཡིན།   འགྲོ་བ་མི་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། མི་ཚེ་འདིའི་རིང་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་རྒྱུ་ནི་ང་ཚོ་ཐུན་མོང་གི་དམིགས་ཡུལ་རེད།  ཚེ་ཕྱི་མ་ནི་སྐྱེ་བོ་སྒེར་གྱི་གནད་དོན་ཞིག་རེད། 

ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་སྲོག་ཆགས་ཡིན་སྟབས་གཅིག་ཕན་གཅིག་གྲོགས་བྱེད་དགོས།   གོ་ལའི་ཚ་དྲོད་དང་། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས། མི་འབོར་འཕེལ་རྒྱས་ཀྱི་དཀལ་ངལ་དེ་དག་གཅིག་ལ་གཅིག་བརྟེན་ནས་ཡོང་བཞིན་ཡོད།  འཛམ་གླིང་གི་མི་འབོར་འཕེལ་བཞིན་ཡོད། ངོས་རང་དང་པོ་རྒྱ་གར་ལ་འབྱོར་དུས་འཛམ་གླིང་ནང་མི་འབོར་དུང་ཕྱུང་དྲུག་ཅུ་ཡོད་པ་བརྗོད་ཀྱི་འདུག 

དེང་སང་འཛམ་གླིང་ནང་མི་འབོར་དུང་ཕྱུར་བདུན་ཅུ་ཡོད།  མི་འབོར་ཐོག་ཉམས་ཞིབ་བྱེད་མཁན་མཁས་པ་ཁག་གཅིག་གིས་བརྗོད་པ་ལྟར་ན། ད་ལྟའི་དུས་རབས་འདིའི་སྨད་ཙམ་ལ་འཛམ་གླིང་གི་མི་འབོར་དུང་ཕྱུར་བརྒྱ་ཐམ་པར་འཕེལ་ངེས་ཡིན་པ་བརྗོད་ཀྱི་འདུག  

ང་ཚོས་བེད་སྤྱོད་བྱེད་བཞིན་པའི་རང་བྱུང་ཐོན་ཁུངས་དང་མཐའ་ན་ཆུ་ཚུན་ཆད་ལའང་ཚད་ཡོད་པའི་རྟགས་མཚན་སྟོན་གི་འདུག དེར་བརྟེན་འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་ལས་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས་སྡེ་ཁག་གཅིག་པུར་བསམ་བློ་གཏོང་རྒྱུ་མེད།  

དེ་ནི་རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་རེད། ང་ཚོ་འགྲོ་བ་མི་རྣམས་བྱམས་བརྩེ་ལྡན་པ་ཞིག་ཆགས་པ་ཡིན་ན། མཐའ་ཡས་པའི་སྲོག་ཆགས་གཞན་རྣམས་ཀྱང་བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད། ང་ཚོ་འགྲོ་བ་མི་རྣམས་ཀྱིས་དུད་འགྲོ་སེམས་ཅན་ཉ་དང་བཅས་པར་བཤུ་གཞོག་ཚད་མེད་གཏོང་གི་ཡོད། དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། འགྲོ་བ་མི་རྣམས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ང་ཚོ་ཚང་མ་ལ་ཐུན་མོང་གི་འགན་ཡོད། 

དེར་བརྟེན་ད་ལྟ་ང་ཚོས་འཛམ་གླིང་གི་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཡོངས་རྫོགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པའི་དུས་ཚོད་ལ་སླེབ་ཡོད། འཛམ་གླིང་གི་འགྲོ་བ་མི་ཡོངས་རྗོགས་ཀྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པའི་ང་ཚོར་ཐུན་མོང་གི་འགན་ཡོད།  ཅེས་བཀའ་སློབ་སྩལ་རྗེས་དྲི་བ་ཁག་ལ་བཀའ་ལན་རྒྱས་པར་སྩལ་ཡོད་པ་བཅས།།

Share with your friends










Submit