ཟླ་བ་ ༣ ཚེས ༢༤ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༣ ཚེས་ ༢༤ རེས་གཟའ་སྤེན་པ།

༄༅། །ཡོངས་གྲགས་སུ་ཨ་མ་རྗེ་བཙུན་པདྨ་ཞེས་གཅེས་མིང་དུ་འབོད་བཞིན་པ་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་རྒྱ་གར་གཞུང་གིས་རྒྱ་གར་ནང་གི་བུད་མེད་ཀྱི་གཟེངས་རྟགས་མཐོ་ཤོས་བུད་མེད་ནུས་སྟོབས་གོང་འཕེལ་གཟེངས་རྟགས་ Nari Shakti Puruskar ཞེས་པ་འབུལ་ལམ་ཞུས་པར་བརྟེན། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་མཇུག་བསྡོམས་གསུང་བཤད་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དམིགས་བསལ་འཚམས་འདྲི་གནང་བ་དང་སྦྲགས། ༸སྐུའི་བླ་སྨན་པ་ཡེ་ཤེས་དོན་ལྡན་ལགས་སུའང་རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བཞི་པ་པདྨ་ཤྲི་ Padma Shri Award ཞེས་པ་འབུལ་ལམ་ཞུས་པར་འཚམས་འདྲི་གནང་འདུག

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོ་དང་སྟབས་བསྟུན་རྒྱ་གར་གཞུང་གི་བྱིས་པ་དང་བུད་མེད་ཡར་རྒྱས་ལྷན་ཁང་གིས་༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་གཟེངས་རྟགས་ཕུལ་བ་དེ་ནི་གཙོ་བོ་ཁོང་གིས་ད་བར་ཕྲུ་གུ་སྟོང་ཕྲག་མང་པོའི་ཤེས་ཡོན་ཐོག་ཕྱག་ལས་གཟེངས་སུ་ཐོན་པ་གནང་བར་ངོས་འཛིན་ཞུས་པ་ཞིག་ཡིན་ཞིང་། སྤྱིར་གཟེངས་རྟགས་མཛད་སྒོ་དངོས་གཞི་དེ་རྒྱ་གར་གྱི་སྲིད་འཛིན་ཕོ་བྲང་དུ་ཚོགས་ཡོད་པ་དང་།  གཟེངས་རྟགས་དེ་རྒྱ་གར་ཡུལ་འཁོར་ཆེན་པོའི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནཌ་ Shri Ram Nath Kovind མཆོག་གིས་འབུལ་ལམ་ཞུས་ཡོད་ཀྱང་བཀའ་ཟུར་མཆོག་མཛད་སྒོར་དངོས་སུ་བཅར་ཐུབ་མེད།

གཟེངས་རྟགས་དང་ལྷན་བཀའ་ཟུར་མཆོག་ལ་མངོན་བསྟོད་ཀྱི་ཚོགས་བརྗོད་འཁོད་པའི་ནང་།   ༼ཕྱི་ལོ་ ༡༩༦༤ ནས་རྗེ་བཙུན་པདྨ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་བོད་མི་སྐྱབས་བཅོལ་བའི་ཕྲུ་གུའི་ཤེས་ཡོན་ཆེད་བློས་གཏོང་གནང་ཡོད།  རྒྱ་གར་གཞུང་དང་རོགས་ཚོགས་ཁག་གི་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་རྗེ་བཙུན་པདྨ་མཆོག་གིས་གཏན་སློབ་གྲངས་ ༡༠ དང་། ཉིན་སློབ་གྲངས་ ༡༧ ། དེ་བཞིན་ལག་ཤེས་བསྟི་གནས་ཁང་ ༣ ། མཐོ་སློབ་ཀྱི་སློབ་ཕྲུག་ཕོ་མོ་རྣམས་ཀྱི་ཉལ་ཁང་ ༣ དང་མཐོ་སློབ་ ༡ བཅས་གསར་འཛུགས་གནང་ཡོད། ད་བར་སློབ་གྲྭ་དེ་དག་ནས་སློབ་ཕྲུག་གྲངས་ ༥༢༠༠༠ སློབ་ཐོན་བྱུང་ཡོད་པ་དང་། དེ་དག་གི་ཁོངས་ནས་སློབ་ཕྲུག་བརྒྱ་ཆ་ ༥༠ བོད་མི་སྐྱབས་བཅོལ་བ་རེད། བོད་ཕྲུག་ཙམ་མིན་པར་ཧི་མ་ལ་ཡ་རི་རྒྱུད་ཀྱི་སློབ་ཕྲུག་རྣམས་ལའང་ཤེས་ཡོན་གྱི་གོ་སྐབས་གནང་ཡོད།༽  ཅེས་འཁོད་འདུག

དེ་ཡང་དགུང་གྲངས་ ༧༧ བཞེས་པ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཅུང་མོ་ཡིན་ཞིང་། བུད་མེད་བཀའ་བློན་ཆེས་ཐོག་མ་ཆགས་ཀྱི་ཡོད་པ་མ་ཟད།  བོད་ཁྱིམ་སློབ་གྲྭ་འཛུགས་རྒྱུར་འགན་ཁུར་རྐང་བཞེས་གནང་མཁན་གཙོ་བོ་ཡིན་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་སྡེ་ཚན་གྱིས་ UNESCO གཟེངས་རྟགས་འབུལ་ལམ་ཞུས་ཡོད།

འདི་ལོར་རྒྱ་གར་གཞུང་གིས་བྱིས་པ་དང་བུད་མེད་ནུས་སྟོབས་གོང་འཕེལ་གཟེངས་རྟགས་ཞེས་པ་དེ་གཟེངས་འཐོན་བུད་མེད་ ༣༠ དང་ཚོགས་པ་ ༩ ལ་གནང་ཡོད། སྤྱིར་གཟེངས་རྟགས་དེ་ཕྱི་ལོ་ ༡༩༩༡ ལོར་ཐོག་མར་གསར་གཏོད་གནང་བ་ཞིག་ཡིན་འདུག་པ་བཅས།།

 

Share with your friends










Submit