ཟླ་བ་ ༣ ཚེས ༢༡ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།

༄༅། །བོད་ཀྱི་ཆབ་སྲིད་བཙོན་ཟུར་རྩོམ་པ་པོ་ཞོགས་ལྗང་ངམ་འབྲུག་ལོ་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་ཕྱི་ལོ་༢༠༡༨ ཟླ་  ༣ ཚེས་ ༡༩ ཉིན་རྒྱ་གཞུང་གིས་གློད་བཀྲོལ་བཏང་ཡོད་འདུག

དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་རྩོམ་པ་པོ་ཞོགས་ལྗང་ལགས་གློད་བཀྲོལ་བཏང་རྗེས། ཉེན་རྟོག་ཁང་རིམ་པ་བརྒྱུད་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོའི་ནང་འབྱོར་ཡོད།  གནས་ཚུལ་དེ་ཕྱི་ལ་ཐོན་རྗེས་ཞོགས་ལྗང་ལགས་ཀྱི་ཁྱིམ་དུ་བོད་ཀྱི་ས་ཁུལ་གང་ས་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་བོད་མི་མང་པོ་ཆེད་བཅར་གྱིས་འཚམས་འདྲི་ཞུས་ཡོད།  

རྩོམ་པ་པོ་ཞོགས་ལྗང་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་ཞིང་ཆེན་རེབ་གོང་ཁུལ་ནས་ཉེན་རྟོག་པས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་རེབ་གོང་ཐུན་རིན་མི་མང་ཁྲིམས་ཁང་གིས་ཞོགས་ལྗང་ལགས་ཀྱི་གཉེན་ཉེ་སོགས་གང་ཡང་མེད་པར། ཞོགས་ལྗང་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་སོགས་ནག་ཉེས་བཙུགས་ནས་ལོ་ངོ་ ༣ གྱི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཀྱང་། ཞོགས་ལྗང་ལགས་ཀྱིས་བཙོན་ཁང་ནས་རང་ཉིད་ལ་ཉེས་པ་གང་ཡང་མེད་པས་ཞུ་གཏུག་གནང་ཡོད། 

 ཞོགས་ལྗང་ལགས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་གཞིའི་སློབ་མ་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། ཞོགས་ལྗང་ལགས་དང་ཐེའུ་རིང་ངམ་བཀྲ་ཤིས་རབ་བརྟན་ལགས་སོགས་ཀྱིས་སྣེ་ཁྲིད་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་ལག་ཏུ་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་འཁོད་པའི་འཕྲེད་དར་བཟུང་ནས་ཞི་བའི་སྐད་འབོད་གནང་ཡོད།

ཞོགས་ལྗང་ལགས་ཀྱིས་བརྩམས་པའི་ ༼རང་དབང་གི་དོན་དུ་ང་ལ་བློ་འགྱོད་མེད།༽ཅེས་པའི་རྩོམ་ཡིག་ཕྱོགས་སྒྲིག་དེབ་དེ་འཇར་མན་གྱི་སྐད་ཡིག་ཏུ་ཕབ་སྒྱུར་ཞུས་ཏེ་འགྲེམས་སྤེལ་གནང་ཡོད་པ་བཅས། ། 

Share with your friends










Submit