ཟླ་བ་ ༢ ཚེས ༢༢ ༢༠༡༨
Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༢ རེས་གཟའ་ཕུར་བུ།


༄༅། །རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༧ མ་འཚོགས་སྔོན་གྱི་བདུན་ཕྲག་གཅིག་ཙམ་གོང་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༠ ཉིན་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ལྷན་ཚོགས་ཐེངས་ ༡༠ པའི་ 10th Geneva Summit for Human Rights and Democracy ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། དངོས་བྱུང་གློག་བརྙན་བཟོ་བསྐྲུན་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གསུང་བཤད་གནང་ཡོད།

དེ་ཡང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་འདི་ལོ་ནི་བོད་ནང་ཕྱི་ལོ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་ཧྲིལ་པོ་འཁོར་བ་དྲན་གསོ་གནང་བ་དང་སྦྲགས། བོད་ནང་ཕྱི་ལོ་ ༢༠༠༨ ལོར་ལོ་རྒྱུས་རང་བཞིན་ལྡན་པའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་འབྲེལ། དོན་གྲུབ་དབང་ཆེན་ལགས་དང་མཉམ་དུ་དངོས་བྱུང་གློག་བརྙན་བཟོས་ཏེ་ཁོང་ལ་ཕྱིར་བསྐྱོད་ལག་ཁྱེར་མེད་ཀྱང་ཟླ་གྲངས་ཁ་ཤས་སྔོན་ནས་བཙན་བྱོལ་ལ་སླེབས་པ་ཡིན་ཅེས་གསུངས་འདུག

དེ་བཞིན་རྒྱ་ནག་གཞུང་གིས་ཁ་ནས་བཤད་པ་དང་དངོས་སུ་ལག་ལེན་གཉིས་མ་མཐུན་པའི་དབང་གིས་དངོས་ཡོད་བོད་ནང་གི་གནས་སྟངས་གང་འདྲ་ཡིན་མིན་གསལ་སྟོན་སླད་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་བྱ་དགོས་བྱུང་ཅེས་གསུངས་འདུག་པ་དང་། ཁོང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་རྒྱ་ནག་གཞུང་གིས་གནོད་ཚེ་དང་ཉེན་ཁའི་གནོན་ཤུགས་མ་སྤྲད་གོང་འགྲོ་བ་མིའི་གཞི་རྩའི་རིན་ཐང་ལ་འབད་བརྩོན་སྲུང་སྐྱོབ་དགོས་པའི་དུས་ལ་སླེབ་ཡོད་ཅེས་ཉེན་བརྡ་བཏང་འདུག

སྐབས་དེར་ལྷན་ཚོགས་གཙོ་སྐྱོང་བ་རྒྱ་ནག་ཕྱོགས་འགལ་བ་སྐུ་ཞབས་ཡང་ཅི་ལི་ Yang Jianli དང་། གནམ་སྡེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་འོག་ད་ཡོད་གསོན་གནས་ཡིན་པའི་མི་སྣ། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་ཧོང་ཀོང་རང་དབང་འཐབ་རྩོད་པ་བཅས་ནས་གསུང་བཤད་གནང་ཡོད་འདུག

གཞན་ཡང་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ལ་བཙན་དབང་གི་ཐོག་སྐྱོན་བརྗོད་དང་མཚན་སྨད་བྱེད་བཅུག་པ་དང་། དེ་བཞིན་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དེ་དྲག་པོའི་གྱེན་ལངས་རེད་ཅེས་ཟེར་དགོས་པའི་རྒྱ་གཞུང་གིས་བཙན་དབང་བཏང་བར་མགོ་ལོག་འཇིགས་མེད་ལགས་ཀྱིས་དེར་ཞེད་སྣང་མེད་པར་ངོ་རྒོལ་བྱས་འདུག

ཕྱོགས་མཚུངས་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གཞུང་གི་བཙོན་ཁང་ནང་ཁོང་ལ་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟར། ལུས་སེམས་གཉིས་ལ་གདུག་རྩུབ་མནར་གཅོད་ཇི་ལྟར་བཏང་ཡོད་པའི་སྐོར་གསུངས་གནང་འདུག ཁོང་གིས་སྐུ་ཚབ་རྣམ་པས་རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་རྡོག་རོལ་དུ་གཏོང་བའི་བྱེད་ཐབས་དེར་ཡ་ལན་དགོས་པའི་རེ་འདུན་བཏོན་འདུག
དེ་ཡང་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ཀྱི་ལྷན་ཚོགས།  ཞེས་པ་དེ་འཛམ་གླིང་ཁྱོན་དུ་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ ༢༥ མཉམ་རུབ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཐེངས་འདིའི་ལྷན་ཚོགས་སྐབས་སུ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གཙོས་ཏུར་ཀི་དང་། ཨི་རན།  ཨུ་རུ་སུ། ཝི་ཏི་ནམ། པ་ཀི་སི་ཐན། ཧོང་ཀོང་། ཝེ་ནི་ཛུ་ལ། ཡུ་གྷན་ཌ།  བྱང་ཀོ་རི་ཡ་བཅས་སོགས་ནས་ཞུ་གཏུག་གནང་མཁན་ཕེབས་ཡོད།

བོད་དང་བོད་མིའི་བདེན་དོན་གསལ་བཤད་ཆེད་ཕྱི་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་། དེ་བཞིན་ཇི་ནི་ཝར་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་བཅས་ནས་ཐེངས་འདིའི་ལྷན་ཚོགས་ཐོག་མཉམ་རོགས་གནང་ཡོད་འདུག

ལྷན་ཚོགས་ཐོག་གོ་ལོག་འཇིགས་མེད་ལགས་ཀྱིས་གསུང་བཤད་རྣམས་བོད་སྐད་ཐོག་གསུང་གནང་ཡོད་པ་དང་། ཕྱོགས་མཚུངས་ཕྱི་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་ཨིན་སྐད་ནང་སྐད་སྒྱུར་ཕྱག་རོགས་གནང་འདུག་པ་བཅས། །

Share with your friends










Submit