ཟླ་བ་ ༡ ཚེས ༢༦ ༢༠༡༨
Published By ngawang thokmey

༢༠༡༨ ཟླ་ ༡ ཚེས་ ༢༦ རེས་གཟའ་པ་སངས།


༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་མང་གཙོའི་དུས་དྲན་ཐེངས་ ༦༩ ཉིན་དང་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བོད་ལུགས་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གྱི་མང་ཚོགས་ཁྲོད་གཟེངས་རྟགས་མཐོ་ཤོས་ཨང་བཞི་པར་གྲགས་པ་པདྨ་ཤྲི་ Padma Shri ཞེས་པ་གནང་གཏན་འཁེལ་འདུག  དེ་ཡང་དགུང་གྲངས་ ༩༠ སོན་པ་༸སྐུའི་གསོ་བ་རིག་པའི་བླ་སྨན་པ་ཟུར་པ་སྐུ་ཞབས་ཡེ་ཤེས་དོན་ལྡན་མཆོག་ནི་ལོ་མང་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་གྱི་ཞབས་ཞུ་བསྒྲུབས་པ་མ་ཟད། 

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བཙན་བྱོལ་དུ་བཞུགས་སྒར་དརྨ་ཤཱ་ལར་བོད་གཞུང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་མཛད་སྐབས་འགན་ཁུར་བཞེས་མཁན་གཙོ་གྲས་ཤིག་ཀྱང་ཡིན་འདུག

ཁོང་གིས་ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༨༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པའི་ཞབས་ཞུ་བསྒྲུབས་ཡོད་འདུག

དེ་ཡང་ད་ལྟ་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་ལ་པདྨ་ཤྲི་གཟེངས་རྟགས་ཐོབ་པར་དགའ་བསུའི་འཚམས་འདྲི་གནང་བའི་ནང་འཁོད་དོན།

ང་ཚོས་༸སྐུའི་བླ་སྨན་པ་སྐུ་ཞབས་ཡེ་ཤེས་དོན་ལྡན་མཆོག་ལ་ཐེངས་འདིར་རྒྱ་གར་གྱི་པདྨ་ཤྲི་གཟེངས་རྟགས་གནང་བའི་ཉིན་མོ་དང་བསྟུན། ཁོང་གིས་ད་བར་བོད་མིའི་གསོ་བ་རིག་པའི་དར་སྤེལ་ཐོག་གཟེངས་སུ་ཐོན་པའི་ཞབས་འདེགས་རླབས་ཆེན་བསྒྲུབས་པར་ངོས་འཛིན་ཐོག  དེང་སྐབས་བོད་ཀྱི་གསོ་བ་རིག་པར་མཚོན་ན་འཛམ་གླིང་ཡུལ་གྲུ་ཀུན་དུ་སྐྱེ་བོ་མཆོག་དམན་ཚང་མས་ཆེ་མཐོང་ཧ་ཅང་ཞུ་ཡུལ་གྱི་རིག་གནས་ཤིག་ཏུ་གྱུར་ཡོད། དེར་བརྟེན་ངས་དེ་རིང་གོ་སྐབས་འདི་བརྒྱུད་ཁོང་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས། 

སྤྱིར་ཐེངས་འདིར་ཁོང་ལ་གཟེངས་རྟགས་འདི་ལྟ་བུ་ཐོབ་པ་ནི་བོད་མིའི་ཁྲོད་ཐེངས་གཉིས་པ་ཆགས་འདུག ཐེངས་དང་པོ་དེ་ཕྱི་ལོ་ ༢༠༠༨ ལོར་ཝར་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ཤེས་ཡོན་ཐོག་བྱས་རྗེས་ལ་རྒྱ་གར་གཞུང་གིས་ངོས་འཛིན་གནང་བ་དང་སྦྲགས་གཟེངས་རྟགས་དེ་གནང་འདུག་པ་བཅས།།

ཝར་ཎ་བོད་ཀྱི་གཙུག་ལག་སློབ་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག

 

 

Share with your friends










Submit