ཟླ་བ་ ༡༢ ཚེས ༡༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་ལྟར་ཕྱི་ལོ་ ༢༠༡༧ ལོ་དེ་བཞིན་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཉེ་འགྲམ་དུ་ Dag Hammarskjold Plaza ཞེས་པའི་ཚོང་ཁང་ཆེན་པོ་ཞིག་ཡོད་པ་དེའི་མདུན་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་འདུག

དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ནས་ལོ་ངོ་ ༦༩ འཁོར་བ་དང་།  བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་གཉིས་འཛོམས་ཐོག  ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་སྟོང་ཕྲག་བརྒལ་བས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེ་ཞིག་བ་དང་།   སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་།  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་དང་པདྨ་ཕྱག་མཛོད་ཚང་ལགས།  སྐུ་མགྲོན་དུ་བདག་ཉིད་ཆེན་པོ་གཱན་དྷིའི་ཚ་བོ་རཱཇ་མོ་ཧན་གཱན་དྷི་ Prof. Rajmohan Gandhi མཆོག་དང་།  རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲན་ཅེན་གོ་ Chen Guangcheng ལགས་སོགས་མཛད་སྒོར་མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ད་བར་རང་སྲོག་ཚུན་ཆད་བློས་གཏོང་གནང་མཁན་རྒྱལ་གཅེས་ཕོ་མོ་འདས་གསོན་ཡོངས་ལ་གུས་འདུད་དང་གདུང་སེམས་མཉམ་སྐྱེ་ཞུ་སླད་སྐར་མ་གཉིས་རིང་ངག་བཅད་གནང་། དེ་ནས་བདེན་ཚིག་སྨོན་ལམ་གསུངས་གྲུབ་མཚམས་ཐོག་མར་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་། ཚེ་དབང་རིག་འཛིན་ལགས་ཀྱིས་གསུང་བཤད་གནང་།   དེ་ནས་སྐུ་མགྲོན་དུ་ཕེབས་པ་བདག་ཉིད་ཆེན་པོ་གཱན་དྷིའི་ཚ་བོ་རཱཇ་མོ་ཧན་གཱན་དྷི་ Prof. Rajmohan Gandhi མཆོག་དང་།  རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲན་ཅེན་གོ་ Chen Guangcheng ལགས་སོགས་ཀྱིས་གསུང་བཤད་གནང་འདུག

དེ་ཡང་སྐུ་ཞབས་རཱཇ་མོ་ཧན་མཆོག་གིས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རྒྱུ་མཚན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་གོང་མཐོར་གཏོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཁོང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད་སྐོར་དང་།   དེ་བཞིན་བོད་ཀྱི་གནད་དོན་གསལ་རྒྱུ་དེ་ནི་རྒྱ་ནག་གཞུང་གིས་འཛམ་གླིང་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་སྤྲོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་བཞིན་ཡོད་སྐོར་སོགས་གསུངས།

དེ་བཞིན་རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲན་ཅེན་གོ་ Chen Guangcheng ལགས་ཀྱིས་བོད་མི་རང་སྲེག་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་དེར་སེམས་འཚབ་ཧ་ཅང་ཡོང་བཞིན་ཡོད་སྐོར་དང་།  བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར། དེ་བཞིན་རྒྱ་ནག་གཞུང་གི་གནས་སྟངས་ཇི་ཡིན་ལ་ལྟོས་མེད་རྒྱ་རིགས་མང་ཚོགས་རྣམས་ཀྱིས་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་སྟབས།  བོད་མི་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་འགོ་འཁྲིད་བཞིན་པའི་དམར་པོའི་སྲིད་གཞུང་དང་རྒྱ་ནག་མི་མང་དབར་དབྱེ་འབྱེད་གནང་དགོས་པའི་འབོད་སྐུལ་ཡང་གནང་འདུག

བདག་ཉིད་ཆེན་པོ་གཱན་དྷི་མཆོག་གི་ཚ་བོ།

ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་རི་ཆཌ་སྒེར་ Richard Gere མཆོག་མཛད་སྒོར་མཉམ་ཞུགས་གནང་ཐུབ་མེད་ཀྱང་ཁོང་གིས་ཕྱག་བྲིས་ཤིག་ཕུལ་བ་དེ་སྒྲོགས་སྦྱང་གནང་འདུག   དེའི་ནང་ཁོང་གིས་བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཡོད་པ་དང་། ཚང་མས་ཕྱར་གྲུ་མཉམ་འདེགས་ཐོག་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་ཀྱི་བཞེད་དགོངས་དང་།  གཞིས་ལུས་བོད་མིའི་རེ་བ་དང་མངོན་འདོད་རྣམ་བསྒྲུབ་ཐབས་གནང་གལ་ཆེ་སྐོར། དེའི་ཆེད་ཚང་མས་རྡོག་གཅིག་ལ་བསྒྲིལ་རྒྱུ་གལ་ཆེ་ཡིན་པ་དང་།  ལྷག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིར་སེམས་ཁུར་དང་ཤ་ཚ་ཧ་ཅང་ཡོད་མཁན་མང་པོ་ཡོད་པ་མ་ཟད།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་མཚོན་ནའང་མཐའ་གཅིག་ཏུ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་ཐོག་བོད་དོན་ལས་འགུལ་རུ་ངར་ལྡན་པའི་ཐོག་ནས་སྤེལ་བཞིན་ཡོད་སྐོར་སོགས་འཁོད་འདུག 

རང་དབང་འཐབ་རྩོད་པ་གྲགས་ཅན་ཁྲན་ཅེན་གོ་ Chen Guangcheng ལགས་ཀྱིས་གསུང་བཤད་གནང་སྐབས་རྒྱ་རིགས་འབྲེལ་མཐུད་པ་དྲུང་ཆེ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་གསུང་སྒྱུར་གནང་བཞིན་པ།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་། ལྷག་པར་བོད་མི་ས་ཡ་དྲུག་རྣམས་བྱམས་བརྩེའི་གཟིགས་པ་ཆེན་པོའི་འོག་ད་བར་བཀའ་དྲིན་བསྐྱངས་དང་སྐྱོང་མུས་ཀྱི་མཛད་བྱས་དྲན་གསོ་དང་སྦྲགས།     བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་སྒེར་གྱི་དང་བླངས་ལས་འགུལ་སྤེལ་མཁན་བོད་མི་བཀྲ་ཤིས་དབང་ཕྱུག་ལགས་དང་།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་རྒྱ་ནག་གི་བཙོན་ཁང་ནང་སྨན་བཅོས་སོགས་ཀྱི་མཐུན་འགྱུར་མ་ཕུལ་བར་བརྟེན་དུས་མིན་རྐྱེན་ལམ་དུ་བཏང་བ་སོགས་ལུང་འདྲེན་དང་སྦྲགས།  ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དཔེར་ན་གསེར་རྟ་གླ་རུང་སྒར་ནང་གྲྭ་ཤག་གཏོར་བཤིག་བཏང་ནས་དགེ་འདུན་པའི་ཞལ་གྲངས་ལ་ཚད་བཀག་བཟོ་བཞིན་པ། ཕྱིར་འབུད་བཏང་བའི་དགེ་བཙུན་རྣམས་ལ་བཙན་ཐབས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་ནས་བོད་མིའི་སེམས་ཁམས་ལ་གནོད་པའི་ལས་གཞིའི་རིགས་ཆེད་མངགས་སྤེལ་བཞིན་པ།  དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྔ་རྗེས་སྤེལ་བ་རྣམས་དྲན་གསོ་དང་སྦྲགས།  བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ཡོང་སླད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག

བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས།

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་གནད་དོན་དེ་ནི་བོད་མི་ས་ཡ་དྲུག་ཁོ་ནའི་གནད་དོན་ཞིག་རྩ་བ་ནས་མིན་པར་འཛམ་གླིང་སྤྱིའི་གནད་དོན་དང་འབྲེལ་བ་ཧ་ཅང་ཡོད་པ་ནི་དཔེར་ན་ཁོར་ཡུག་གི་གནད་དོན་ལྟ་བུར་མཚོན་ན།  བོད་ནི་ཨེ་ཤི་ཡའི་ཆུ་མཛོད་ལྟ་བུ་ཞིག་ཡིན་ཞིང་།  བོད་ཀྱི་གཙང་པོ་དེ་དག་ལ་འཛམ་གླིང་མི་འབོར་ཐེར་འབུམ་ལྷག་འཚོ་རྟེན་བྱེད་བཞིན་ཡོད་སྟབས་རང་བཞིན་གྱིས་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་དང་།  བོད་མི་ཚོས་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ལ་བརྡ་ལན་ཞིག་གཏོང་བཞིན་ཡོད། གང་ཡིན་བརྗོད་ན། འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་ནས་ལས་འགུལ་སྤེལ་མཁན་བོད་མི་ཚོ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱབ་སྐྱོར་མ་གནང་བ་ཡིན་ན།  འགྲོ་བ་མིའི་ཐོབ་ཐང་ལའང་རྒྱབ་སྐྱོར་མ་གནང་བ་ཞིག་ཆགས་རྒྱུ་མ་ཟད། མང་གཙོ་དང་འཚེ་མེད་ཞི་བར་ཡང་རྒྱབ་སྐྱོར་མ་གནང་བ་ཞིག་ཆགས་རྒྱུ་ཡིན་སྐོར་གསུངས།

བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས།

ཉིན་གུང་ཞལ་ལག་གྲུབ་རྗེས་ལས་འགུལ་བ་རྣམས་ས་གནས་དེ་ནས་རྒྱ་ནག་གཞུང་ཚབ་བར་གོམ་བགྲོས་ལས་འགུལ་སྤེལ་འདུག སྐབས་དེར་གོམ་བགྲོས་པ་རྣམས་ཀྱི་ལག་ཏུ་སྦྱར་ཡིག་འཁྱེར་ཞིང་། དེ་དག་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པ། འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་དགོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  ཅེས་སོགས་འཁོད་འདུག  
གོམ་བགྲོས་པ་རྣམས་ཀྱིས་ལམ་ཕྱེད་ཙམ་ནས་རྐྱང་ཕྱག་ཕུལ་འདུག  དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་འཛམ་གླིང་སྐྱེ་འགྲོ་སྤྱི་དང་ལྷག་པར་བོད་མི་ས་ཡ་དྲུག་གི་དོན་དུ་༸སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པའི་བཀའ་དྲིན་རྗེས་དྲན་མཚོན་སླད་ཡིན་འདུག

མཐར་གོམ་བགྲོས་པ་རྣམས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འབྱོར་མཚམས་རྒྱ་རིགས་མཁས་དབང་གཉིས་ཏེ་ནིའུ་ཡོག་མཐོ་སློབ་ཀྱི་གཙུག་ལག་སློབ་དཔོན་སྐུ་ཞབས་མིངྒ་ཞིཡ་ Prof. Ming Xia ལགས་དང་།  སྤྱི་དམངས་སྟོབས་ཤུགས་ Initiatives for China ཀྱི་འགན་འཛིན་རྒྱ་རིགས་མཁས་དབང་སྐུ་ཞབས་ཡང་ཇེ་ལིན་ Dr. Yang Jianli ལགས་ཀྱིས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་མི་རྣམས་ལ་ཐོབ་ཐང་འདྲ་མཉམ་མེད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་རིགས་མང་ཚོགས་རྣམས་ཀྱིས་འཚེ་མེད་ཞི་བའི་དབུ་ཁྲིད་ཞིག་ལ་ངོས་འཛིན་ཞུ་བཞིན་པ་མ་ཟད། འབྱུང་འགྱུར་འཚེ་མེད་ཞི་བའི་སྤྱི་ཚོགས་སྐྲུན་མཁན་རེ་བའི་མིག་བུ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། 

ཁྲན་ཅེན་གོ་བ་ལགས་དང་ལྷན་རྒྱ་ནག་གཞུང་ཚང་དུ་གོམ་བགྲོས་ལས་འགུལ་སྤེལ་བཞིན་པ།

ད་ཆ་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གཉིས་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཡོད་པ་དྲན་གསོ་གནང་། གྲོས་ཆོད་དེ་གཉིས་པོ་ནི། རྒྱ་ནག་གཞུང་གི་མི་སྣ་དང་རྒྱ་རིགས་གསར་འགོད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཨ་རིའི་ནང་དམ་བསྒྲགས་སུན་གཙེར་གང་ཡང་མེད་པར་རང་དབང་ཐོག་འགྲོ་སྐྱོད་ཆོག་པ་ལྟར།  ཨ་རིའི་གཞུང་འབྲེལ་མི་སྣ་སོགས་ཀྱང་བོད་ནད་དམ་བསྒྲགས་སུན་གཙེར་གང་ཡང་མེད་པར་འགྲོ་སྐྱོད་འཇུག་དགོས་པའི་རེ་འདུན་དེ་ཡིན།།

 

Share with your friends










Submit