༢༠༡༧ ཟླ་ ༡༢ ཚེས་ ༩ རེས་གཟའ་སྤེན་པ།
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་ཝ་ཤིང་ཊོན་གྱི་གཞུང་འབྲེལ་ལས་དོན་རྣམས་ལེགས་གྲུབ་རྗེས་ནིའུ་ཡོག་ཏུ་ཕེབས། སྐབས་དེར་བྱང་ཨ་རིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་ལགས་དང་ཚེ་དབང་རིག་འཛིན་ལགས་སོགས་ཀྱིས་ཕེབས་བསུ་ཞུས་འདུག
དེ་རྗེས་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་རིགས་དང་བོད་རིགས་ཁག་གཅིག་ལ་གསུང་བཤད་གནང་འདུག རྒྱ་རིགས་ཁྲོད་མང་གཙོ་དང་རང་དབང་འཐབ་རྩོད་པ་སོགས་འདུག ལྷན་ཚོགས་གོ་སྒྲིག་ཞུ་མཁན་བྱང་ཨ་རི་སྐུ་ཚབ་དོན་ཁང་དང་ནིའུ་ཡོག་ནིའུ་ཇར་སི་བོད་རིགས་ཚོགས་པས་མཐུན་འགྱུར་ཞུས་པ་ཞིག་ཡིན་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ཀྱི་གནད་དོན་གསལ་བར་རྒྱ་རིགས་མང་ཚོགས་ཁྲོད་རྒྱབ་སྐྱོར་དགོས་པ་ཧ་ཅང་གལ་ཆེ་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་རྒྱའི་མི་རིགས་གཉིས་དབར་འཆམ་མཐུན་དགོས་གལ་སྐོར་ལུང་འདྲེན་ཞུས་པ་དང་སྦྲགས། ཐེངས་འདིར་བོད་རྒྱའི་མི་རིགས་གཉིས་འདུ་འཛོམས་གནང་བ་དེ་ནི་མིག་དཔེར་འོས་པ་ཞིག་ཡིན་སྟབས་མ་འོངས་པར་ལངས་ཕྱོགས་དེའི་ཐོག་ཤར་བསྐྱོད་བྱ་དགོས་གལ་སྐོར་གསུངས།
ཕྱོགས་མཚུངས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ལོ་རྒྱུས་ཐོག་ནས་བོད་དང་རྒྱ་ནག་དབར་རིག་གཞུང་དང་ཆོས་ཕྱོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་རྒྱ་རིགས་མང་པོ་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བཞིན་པ་དེ་ནི་ལོ་རྒྱུས་ཀྱི་འབྲེལ་བ་རྒྱུན་སྐྱོང་གནང་བ་ཞིག་ཡིན་སྐོར་སོགས་གསུངས།
གཞན་ཡང་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བོད་ཀྱི་གནད་དོན་གང་མགྱོགས་གསལ་ཆེད་འབད་བརྩོན་གང་ཡོད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྟབས་འབད་བརྩོན་དེའི་རྒྱུད་རིམ་ཁྲོད་ལས་དོན་གལ་ཆེའི་ནང་གི་དོན་ཆེ་ནི་རྒྱ་རིགས་ཚོ་དང་མཐུན་འབྲེལ་གོང་སྤེལ་བྱ་རྒྱུ་དེ་ཡིན་པར་བརྟེན་དེའི་ཐོག་འབད་བརྩོན་ལྷོད་མེད་གནང་རྒྱུ་ཡིན་སྐོར་གསུངས།
སྐབས་དེེར་རྒྱ་རིགས་ཁྲོད་གཏམ་བཤད་གནང་མཁན་ཕྱི་སྡོད་རྒྱ་རིགས་མཁས་དབང་གཙུག་ལག་སློབ་དཔོན་སྐུ་ཞབས་མིངྒ་ཞི་ཡ་ Prof Ming Xia ལགས་དང་། ཧུ་པིངྒ་ཝངྒ་ Hu PingWang ལགས། ཝངྒ་ཇུནྟའོ་ Wang Juntao ལགས། ལི་ཝེ་དོངྒ་ Li Weidong ལགས། ཁྲན་པོ་ཀོངྒ་ Chen Pokong ལགས། འབུམ་རམས་པ་སྐུ་ཞབས་ཡང་ཇེན་ལི་ Dr Yang Jingli ལགས་དང་། སྐུ་ཞབས་ཤིའང་ཞའོ་ཇི་ Xiang Xiaoji ལགས་བཅས་ཡོད་འདུག
ཁོང་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་བསྐྲུན་གནང་མཛད་པའི་རླབས་ཆེན་གྱི་མཛད་བྱས་ལ་ཆེ་བསྟོད་རྒྱ་ཆེ་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་པའི་བཞེངས་ཕྱོགས་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག
འདུ་འཛོམས་སྐབས་བོད་མི་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་འདུག་པ་བཅས།།