ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་ཐེ་ཝན་རྒྱལ་ས་ཐེ་པེའི་རང་དབང་ཐང་ཆེན་མདུན་བོད་མི་དང་ཐེ་ཝན་མི་རིགས་ལྔ་བཅུ་ལྷག་འཛོམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
སྤྱིར་ཕྱི་ཟླ་༡༢ ཚེས་ ༢ ནས་ ༡༠ བར་ཐེ་པེའི་རང་དབང་ཐང་ཆེན་མདུན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་མུས་ཡིན། དེ་ཡང་ཕྱི་ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་མར་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་། དེ་ནས་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཞོན་བློ་བཟང་ཚེ་དབང་ལགས་ཀྱིས་ད་ལན་ཉིན་དགུའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འགྲེམས་སྟོན་གོ་སྒྲིག་སྐབས་དང་བླངས་ཕྱག་རོགས་གནང་མཁན་བོད་པ་དང་ཐེ་ཝན་ཡུལ་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ༸གོང་ས་མཆོག་ལ་བསྟོད་པའི་གླུ་དབྱངས་ཡང་ཕུལ།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྲུབ་ཡོང་བའི་སྨོན་ལམ་ཆེད་ཆུད་ཚོད་གཅིག་རིང་གསུང་འདོན་གནང་།
མཛད་སྒོའི་མཐའ་མར་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་གལ་གནད་དང་ཤུགས་རྐྱེན་སོགས་ཀྱི་སྐོར་གསུང་བཤད་གནང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་རྒྱ་གར་གྱིས་གཙོས་བོད་མི་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་འཛམ་གླིང་རྒྱལ་ཁབ་ཀྱི་གཞུང་མང་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་དགོས་པའི་བཀའ་ཕེབས་ཡོད་པའི་སྐོར་དང་། ལྷག་པར་ཕྱི་ལོ་ ༢༠༡༨ ལོ་ནི། བོད་མི་བཙན་བྱོལ་བ་རྣམས་མིའི་ལུང་པར་གྱར་ནས་ལོ་ ༦༠ འཁོར་བ་དང་། ཐེ་ཝན་དོན་གཅོད་ལས་ཁུངས་བཙུགས་ནས་ལོ་ ༢༠ འཁོར་བའི་གལ་ཆེའི་དུས་ཚིགས་ཤིག་འཁེལ་ཡོད་པར་སོང་། ཐེ་ཝན་གཞུང་མང་གཉིས་ནས་ད་བར་བོད་མི་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་མཚོན་སླད་ལས་དོན་འདྲ་མིན་སྤེལ་འཆར་སྐོར་ཡང་གསུངས། །