ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ལྷག་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༧ ཉིན་ཕྱི་དྲིལ་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཉིན་གཉིས་པར་ཆིབས་བསྒྱུར་གྱིས་བཀའ་སློབ་སྩལ་སྐབས་ཚོགས་བཅར་བ་ཞིག་ནས་བོད་རྒྱ་ཞི་མོལ་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གནང་དོན། བོད་རྒྱ་གཉིས་ཉིན་གཅིག་ཕན་ཚུན་གཉིས་མོས་ཀྱིས་དཀའ་སེལ་ཐབས་ལམ་ཞིག་ཡོང་རྒྱུའང་། རྒྱ་ནག་གི་དབུ་ཁྲིད་མཁྲེགས་འཛིན་པ་རྣམས་ལ། རྒྱ་ནག་གི་ད་ལྟའི་བོད་དོན་སྲིད་བྱུས་འོག་བོད་ནང་གི་དཀའ་རྙོག་ནམ་ཡང་སེལ་ཐབས་མ་མཆིས་པས། ད་ལྟའི་དངོས་ཡོད་གནས་སྟངས་དང་འཚམས་པའི་གནང་ཕྱོགས་དགོས་གལ་ཡོད་སྐོར་ང་ཚོས་དྲན་སྐུལ་ངེས་པར་བྱེད་དགོས་ཀྱི་འདུག་ཅེས་གསུངས།
༧གོང་ས་མཆོག་གི་སྐུ་ཚབ་བསྐོ་ཕྱོགས་ཐད་གསུངས་དོན། འདི་ནས་སྐུ་ཚབ་ཅིག་འདེམས་བསྐོ་བྱེད་ཚེ། རྒྱ་ནག་གཞུང་ནས་སྐད་ཤུགས་ཆེན་པོས་ངོས་ལེན་མེད་གསུངས་ན་དེ་ཞི་མོལ་གྱི་འགོག་རྐྱེན་ཆགས་རྒྱུ་ཡིན་པས་ཡག་པོ་ཡོང་གི་མ་རེད། རྒྱ་ནག་གཙོས་པས་འཛམ་གླིང་རྒྱལ་ཁབ་ཚང་མས་ང་དང་། བོད་མིའི་སྒྲིག་འཛུགས་གཉིས་ཀ་ནས་བོད་རང་བཙན་རྩོད་ཀྱི་མེད་པ་ཤེས་བཞིན་དུ་རྒྱ་ནག་གཞུང་ནས་ང་ལ་ཁ་བྲལ་བ་དང་། མིང་གཞན་མུ་མཐུད་དེ་འབོད་བཞིན་ཡོད་ནའང་། ང་ལ་དཀའ་ངལ་དང་ཁྱད་པར་གང་ཡང་མི་འདུག་ལ། ཁོང་ཚོ་ལའང་དེ་ལྟར་ཤོད་རྒྱུའི་རང་དབང་ཡང་ཡོད་པ་རེད། འོན་ཀྱང་ངོས་ཀྱི་བསམ་པར་རྒྱ་ནག་གི་མཁྲེགས་བཟུང་དབུ་ཁྲིད་ཚོའི་སེམས་ནང་ལ་འཇིགས་སྣང་ཞིག་ངེས་པར་ཡོད་པ་འདྲ་འདུག གང་ཡིན་ཟེར་ན། རྒྱ་མི་མཁས་དབང་གཙོས་པས་བོད་དོན་ཤེས་མཁན་མང་པོས་ལོ་རྒྱུས་ནང་བོད་རྒྱ་ནག་གི་ཆ་ཤས་མིན་པ་དེ་དངོས་འབྲེལ་གནས་ཚུལ་ཡིན་པ་ཤེས་མཁན་ཇེ་མང་དུ་འགྲོ་གི་ཡོད་པས། ཁོང་ཚོའི་སེམས་ནང་མི་བདེ་བ་དང་ཞེད་སྣང་ཞིག་སྐྱེས་ཀྱི་ཡོད་པ་རེད་ཅེས་གསུངས། །
རྒྱ་ནག་གི་ད་ལྟའི་བོད་དོན་སྲིད་བྱུས་འོག་བོད་ནང་གི་དཀའ་རྙོག་ནམ་ཡང་སེལ་ཐབས་མ་མཆིས།
གསར་གནས།

འབྲེལ་གནས།
